
ཧུའེ་ཀྲེན་མིན་དང་ཁོང་གི་བཟའ་ཟླ་ཕུར་བུ་ལྷ་མོ།

ཧུའེ་ཀྲེན་མིན་གྱིས་སྣུམ་བཙོས་གོ་རེ་ལས་བཞིན་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞི་མཐུན་སྡེ་ཁུལ་སེ་འབྲུ་སྲང་ལམ་དུ་ཞོགས་ཟས་ཀྱི་དྲི་ཞིམ་དང་རྒྱ་བོད་བཟའ་ཚོའི་ཕན་ཚུན་ལྟ་སྐྱོང་དང་འབད་འཐབ་ཀྱི་གཏམ་རྒྱུད་འབྲེལ་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་གི་ལེའུ་ཞིག་ཀྱང་དེ་བས་བརྩམས་ཡོད། 2001ལོ་ནས་བཟུང་། ཧུའེ་ཀྲེན་མིན་དང་བཟའ་ཟླ་ཕུར་བུ་ལྷ་མོ་གཉིས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་ལྷ་སར“ཧུའེ་ཞའོ་རྒྱ་ཟས་སིལ་ཟས་ཁང”ཞེས་པའི་ཞོགས་ཟས་ཁང་ཞིག་མཉམ་དུ་བཙུགས་ཏེ། ཐོ་རེངས་ཀྱི་ལྟོ་ཆས་གྲ་སྒྲིག་བྱེད་པ་ནས་སྒོ་ཕྱེ་ཏེ་མགྲོན་པོ་བསུ་བའི་བར་དང་། ལས་གཏོད་ཐོག་མར་བྱེད་སྐབས་མཉམ་དུ་འགག་སྒྲོལ་བྱེད་པ་ནས་ད་ཆ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བར་བཟའ་ཚོ་དེ་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ངང་འགལ་ཟླ་སེལ་བ་དང་འབད་འཐབ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དེ། རྒྱུན་གཏན་འཚོ་བའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས། སྤྱིར་བཏང་ཁྱིམ་ཚང་གི་བརྟན་སྲུང་དང་བརྩེ་སེམས་ལ་བརྟེན་ཏེ། སིལ་ཟས་ཁང་འདི་ཉིད་ཞི་མཐུན་སྡེ་ཁུལ་གྱི་མི་རིགས་མི་འདྲ་བའི་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་སའི་སེམས་དྲོད་མཚོ་ཁུག་ཅིག་ཏུ་འགྱུར་བར་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་བཏོད་ཡོད།
མི་རིགས་མི་འདྲའི་གཞོན་ནུ་གཉིས། ལས་འགྲོས་རྐྱེན་པས་མཉམ་དུ་འཛོམས།
ཐོ་རེངས་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་ལྷ་སར་ནམ་རྦད་དེ་ལངས་མེད་ཀྱང“ཧུའེ་ཞའོ་རྒྱ་ཟས་སིལ་ཟས་ཁང”འདི་ཉིད་སྔ་ས་ནས་གློག་ཁྲ་ཐིང་ངེར་སྤར་ཟིན་ཡོད། གྲང་ངར་ཆེ་བའི་ཞོགས་པའི་མཁའ་རླུང་ཁྲོད་ནས་མོག་མོག་དང་། འབྲས་ཐུག བོད་ཐུག ཇ་མངར་མོ་བཅས་ཀྱི་དྲི་ཞིམ་འཐུལ་བ་དང་སྦྲགས་ཁྲོམ་གཞུང་ཧྲིལ་པོའང་རིམ་བཞིན་འཁྲུག་ཆ་དོད་པོར་འགྱུར། སྒེའུ་ཁུང་གི་ཤེལ་སྒོ་སྨུག་པས་ཁེངས་པ་དང་། ཅོག་པང་ཐོག་གྲོ་ཞིབ་དང་གཏུབ་ཟིན་པའི་ཚལ་གྲལ་འགྲིག་པོར་བཞག་ཡོད་ལ། ཧུའེ་ཀྲེན་མིན་གྱིས་པང་གདན་བཏགས་ནས་མ་ལག་བདེ་པོས་འབྲས་ཐུག་བཀོལ་བ་དང་མོག་མོག་བཙོས་བཞིན་ཡོད་པ་དང་།ཕུར་བུ་ལྷ་མོས་གམ་དུ་ལྟོ་སྣོད་སྒྲིག་པ་དང་ཅོག་ཙེ་འཕྱིས་བཞིན་ཡོད་པས། ཁོང་གཉིས་ཀྱི་མ་གྲོས་གཅིག་མཐུན་གྱི་བྱ་སྤྱོད་དེ་དག་ལས་སྐྱིད་སྣང་དོད་པའི་འཚོ་བའི་ལྷིང་འཇགས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།
“སྐབས་དེ་དུས་ང་རང་ལྷ་སར་ཡོང་མ་ཐག་ཡིན་པས་བོད་སྐད་མི་གོ་ལ་འདི་གའི་འཚོ་བར་ཡང་གོམས་ཀྱི་མིན་འདུག འོན་ཀྱང་མོ་རང་རྒྱ་སྐད་མཁས་པོ་ཡོད་པས་རྟག་ཏུ་ང་ལ་སྐད་ཆ་ཤོད་པར་ཡོང་གི་ཡོད”ཅེས་ཐོག་མར་ངོ་ཤེས་སྐབས་ཀྱི་གནས་ཚུལ་དག་གླེང་སྐབས་ཧུའེ་ཀྲེན་མིན་གྱིས་སྐབས་དེའི་གནས་ཚུལ་དག་བརྗོད་འགོ་བརྩམས། 1996ལོར་ལོ20ལ་སླེབས་པའི་ཁོང་གཅིག་པུ་ཕ་ཡུལ་ཧྲའན་ཞི་ནས་ལྷ་སར་ཡོང་སྟེ་ཡུལ་གཞན་དུ་འབད་འཐབ་བྱེད་འགོ་ཚུགས། ཧུའེ་ཀྲེན་མིན་གྱིས“སྐབས་དེ་དུས་ང་ལོ་ན་གཞོན་པས་ཕྱིར་འབད་འཐབ་ལ་སྐྱོད་འདོད་ཆེན་པོ་བྱུང་བ་དང་། ངའི་གྲོགས་པོ་ཞིག་གི་ལྷ་སར་ཚོང་ཆུང་ངུ་རེ་རྒྱག་བཞིན་ཡོད་པས་ཁོང་དང་མཉམ་དུ་ཡོང་བ་ཡིན། འདི་གར་ལོ་འདི་འདྲ་མང་པོ་འཚོ་བ་སྐྱེལ་དགོས་འཁེལ་ཡོང་བསམ་པ་མ་བྱུང”ཞེས་བཤད།
ལྷ་སར་ཐོག་མར་སླེབས་སྐབས་ཧུའེ་ཀྲེན་མིན་གྱི་ཏན་ཏིག་དང་ཧུར་བརྩོན་ཆེ་བའི་ལས་ཀའི་རྣམ་འགྱུར་ལས་མྱུར་དུ་ཟ་ཁང་ཞིག་ཏུ་མ་བྱན་ལས་རོགས་ཀྱི་ལས་ཀ་རྙེད། སྐབས་དེ་དུས་ཀྱི་ཕུར་བུ་ལྷ་མོ་ནི་ཟ་ཁང་དེའི་ཞབས་ཞུ་བ་ཡིན་པ་དང་གཤིས་ཀ་འཇམ་ཞིང་སེམས་བཟང་པོ་ཞིག་ཡོད། ཕུར་བུ་ལྷ་མོས་རྟག་ཏུ་དེ་གར་སླེབས་མ་ཐག་ཡིན་ལ་འཚེར་སྣང་ཡང་ཅུང་ཟད་བྱེད་པའི་ཧུའེ་ཀྲེན་མིན་ལ་རང་འགུལ་ངང་དེ་གའི་ཡུལ་སྲོལ་གོམས་གཤིས་འགྲེལ་བཤད་རྒྱག་གི་ཡོད་པས། ཁོང་གི་བབ་ཆགས་ཤིང་སེམས་རྩ་འཁོལ་བར་ཧུའེ་ཀྲེན་མིན་སེམས་འགུལ་ཆེན་པོ་ཐེབས་ནས་ཁོམ་པ་ཡོད་རིམ་བཞིན་ཁོང་ལ་ཕ་ཡུལ་ཧྲའན་ཞིའི་ཡུལ་སྲོལ་གོམས་གཤིས་བརྗོད་ཀྱི་ཡོད། མ་གཞི་ཁོང་གཉིས་ཀྱི་མི་རིགས་མི་འདྲ་ལ་འཚར་ལོངས་ཀྱི་ཁོར་ཡུག་ཀྱང་མི་འདྲ་རུང་བཤད་ཚར་རྒྱུ་མེད་པའི་ཐུན་མོང་གི་བརྗོད་གཞི་ཡོད་པས་མགྱོགས་མྱུར་གྲོགས་པོ་བློས་ཐུབ་ཏུ་གྱུར།
ཟ་ཁང་དུ་ལས་ཀ་མཉམ་དུ་བྱས་པའི་ལོ་ཁ་ཤས་ནང་ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོ་གཉིས་ཉིན་མཚན་མེད་པར་མཉམ་དུ་ལས་ཀ་བྱེད་དགོས་པས་བརྩེ་དུང་ཡང་ཉིན་རེ་བཞིན་ཟབ་ཏུ་ཕྱིན། ཉེ་འགྲམ་གྱི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་མང་པོ་ཞིག་གིས་ལས་གཏོད་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བ་མཐོང་སྐབས་ཁོང་གཉིས་ཀྱིས་ཀྱང་རང་སོ་སོས་ཟ་ཁང་ཞིག་བཙུགས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལྷ་སར་རྩ་བ་ཚུགས་ཏེ། རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུའི་བསམ་ཚུལ་བྱུང་།“ང་གཉིས་ངོ་ཤེས་མ་ཐག་ནས་ཁོང་ནི་དཀའ་སྡུག་བཟོད་ཐུབ་པ་དང་འགན་འཁྲི་འཁུར་ཐུབ་མཁན་ཞིག་ཡིན་པ་ཤེས་བྱུང་བས། ཁོང་དང་མཉམ་དུ་ལས་གཏོད་བྱེད་སྐབས་བློ་ཧ་ཅང་བདེ་པོ་འདུག”ཅེས་ཕུར་བུ་ལྷ་མོས་རང་གི་བཟའ་ཟླར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
མཉམ་དུ་ལས་གཏོད་བྱས་པ་ནི། འབྱུང་འགྱུར་ཆེད་དུ་འབད་འབུངས་བྱས།
ཟ་ཁང་ནས་ཁ་བྲལ་རྗེས་ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོ་གཉིས་ཀྱིས་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད་ཞོགས་ཟས་ཁང་ནས་འགོ་བརྩམས་ཏེ་འབད་འཐབ་བྱ་རྒྱུའི་ཐག་བཅད་མོད། འོན་ཀྱང་ཟ་ཁང་འཛུགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་པ་དང་། འགྲུལ་ཁུངས་བརྟན་པོ་མེད་པ། མ་དངུལ་ཉུང་བ། ལས་མི་དཀོན་པ་བཅས་ཀྱི་དབང་གིས་དེའི་བརྒྱུད་རིམ་ཁྲོད་དཀའ་ཚེགས་ཧ་ཅང་ཆེན་པོ་འཕྲད་ཡོད།“སྐབས་དེ་དུས་ང་ཚོར་དངུལ་མང་པོ་མེད་པས་ངེད་གཉིས་ཀྱི་ནང་མིས་ཟ་ཁང་ཐོག་མར་འཛུགས་པའི་མ་དངུལ་བཏང་རྗེས་གཞི་ནས་ཞོགས་ཟས་ཁང་དེ་བཙུགས་ཐུབ་ཙམ་བྱུང”ཅེས་ཧུའེ་ཀྲེན་མིན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས། དང་ཐོག་ང་གཉིས་ཀྱིས་ཞོགས་ཟས་ཁང་དེ་གྲ་བཞི་ལམ་གྱི་ཉེ་འགྲམ་དུ་བཙུགས་པ་ཡིན། མ་གཞི་ས་ཆ་ཆུང་ཙམ་དང་མཛེས་བཟོ་སྟབས་བདེ་ཙམ་ཡོད་མོད། འོན་ཀྱང་དེ་ནི་རང་ཉིད་ལ་དབང་བའི་ཟ་ཁང་ཞིག་ཡིན་པས་ང་གཉིས་གཉིས་ཀས་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།“སྐབས་དེར་ང་ཚོས་ཞོགས་ཟས་ཁང་ཇི་ལྟར་འཛུགས་དགོས་མིན་ཐད་རྒྱུས་མངའ་མེད་པས། གོམ་པ་རེ་རེ་བཞིན་སློབ་སྦྱོང་དང་འཚོལ་ཞིབ་བྱས་ཏེ་ད་ལྟ་བར་དུ་སོང་བ་རེད”ཅེས་བཤད།
2001ལོར“ཧུའེ་ཞའོ་རྒྱ་ཟས་སིལ་ཟས་ཁང”དངོས་སུ་བཙུགས་ནས་ཧུའེ་ཀྲེན་མིན་གྱིས་ཐབ་ཚང་ནང་ལྟོ་བཟོ་བ་དང་ཕུར་བུ་ལྷ་མོས་ཚོམས་ཆེན་ནང་སྣེ་ལེན་བྱེད་འགན་འཁུར་གྱི་ཡོད། ཁོང་གཉིས་རྒྱུན་དུ་ལས་བྲེལ་ཧ་ཅང་ཆེ་ཡང་ཕན་ཚུན་འཁང་ར་གཏན་ནས་བྱེད་མྱོང་མེད།“ང་ཚོའི་བསམ་པར་ཟ་ཁང་བཙུགས་ཚེ་ཚོང་ཡང་རང་ཤུགས་སུ་ཡོང་གི་རེད་སྙམ་བྱུང་། འོན་ཀྱང་ཟ་ཁང་བཙུགས་མ་ཐག་པའི་སྐབས་སུ་ལྟོ་བཟའ་བར་ཡོང་མཁན་ཉུང་ལ་ཁེ་བཟང་ཡང་ཕྲན་བུ་ལས་མེད་པ་དང་། སྐབས་འགར་ཉིན་གཅིག་གི་ཁང་གླ་ཡང་རག་གི་མིན་འདུག”ཅེས་ཕུར་བུ་ལྷ་མོས་གསར་འགོད་པར་བཤད་པ་དང་། ཁོང་གིས“དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཉིན་ཁ་ཤས་བསྟུད་མར་ཚོང་མེད་མོད། འོན་ཀྱང་ངེད་གཉིས་ཀས་མཉམ་ལས་མཚམས་འཇོག་བྱ་རྒྱུའི་སྐོར་ཚིག་གཅིག་ཀྱང་བཤད་མྱོང་མེད་ལ། ཁོང་མདུན་དུ་བསྐྱོད་ཚེ་ངས་ཀྱང་ཁོང་གི་རྗེས་སུ་འབྲངས་འདོད་ཡོད་པས། དཀའ་ངལ་ཇི་ཙམ་ཆེ་ཡང་དཀའ་བ་སྤྱད་རིན་ཡོད་པ་ཞིག་འདུག”ཅེས་གསར་འགོད་པར་བཤད།
ཞོགས་ཟས་ཁང་གིས་ཁྱད་ཆོས་མངོན་ཆེད། ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོས་རྒྱ་ཟས་ཞོགས་ཟས་ཁང་གི་སྦྱིན་བདག་གི་ས་ནས་ཚོང་གཉེར་བྱེད་སྟངས་སྦྱོང་ཞོར་དུ་བོད་ཟས་ཁང་གི་མ་བྱན་གྱི་ས་ནས་བོད་ཐུག་དང་། ཇ་མངར་མོ། ཤ་བག་ལེབ་བཅས་བཟོ་སྟངས་སྦྱངས་ཏེ་བོད་རྒྱ་མི་རིགས་གཉིས་ཀྱི་བཟའ་བཏུང་རིག་གནས་མཉམ་འདྲེས་ཐུབ་རེ་བྱེད་པ་དང་ཆབས་ཅིག ཁོང་གཉིས་ཀྱིས་ད་དུང་བཟའ་བཅའི་རྒྱུ་ཆ་སོས་པ་དང་། འབོར་ཆེན་པོ། རིན་གོང་རན་པོ་བཅས་ཡོང་བ་མཐའ་འཁྱོངས་བྱས་པར་མ་ཟད། ཉིན་ལྟར་བཟའ་བཅའི་རྒྱུ་ཆ་རང་གིས་ཉོ་སྒྲུབ་བྱེད་པ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ། ལྷག་བསམ་རྣམ་དག་ལ་བརྟེན་ནས་ལྟོ་བཟའ་བར་ཡོང་མཁན་ཚོའི་ཡིད་ཆེས་ཐོབ་པར་བྱས། དེ་ལྟར་རིམ་བཞིན་ཟས་ཀྱི་བྲོ་བ་དང་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་ཞོགས་ཟས་ཁང་ལ་བསྔགས་བརྗོད་བྱེད་མཁན་ཇེ་མང་དུ་སོང་བ་དང་། ཚོང་ཞག་ཀྱང་ཇེ་མང་དུ་སོང་ནས་ཚོང་རིམ་བཞིན་ཡག་ཏུ་ཕྱིན་ཡོད། ལོ་བཞིའི་རིང་ལྟ་རེས་སྐྱོང་རེས་དང་བློ་གཅིག་སེམས་གཅིག་གིས་འབད་འཐབ་བྱས་པ་བརྒྱུད། 2005ལོར་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོའི་སྨོན་འདུན་ཁྲོད་ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོ་གཉེན་སྒྲིག་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་དང་། མགྱོགས་མྱུར་གཅེས་ཕྲུག་ཀྱང་གཉིས་བྱུང་བ་དེས་ཁོང་གཉིས་ཀྱིས་འབྱུང་འགྱུར་འཚོ་བར་བཅངས་པའི་འདུན་པ་དེ་བས་མཛེས་སྡུག་ལྡན་པར་འགྱུར།“མ་གཞི་མི་རིགས་མི་འདྲ་མོད། འོན་ཀྱང་ལོ་མང་མཉམ་དུ་གཤིབ་པས་ང་ཚོས་སྔ་ས་ནས་ཕན་ཚུན་དབར་མི་ཚེའི་ནང་གི་ཆེས་གལ་ཆེ་ཤོས་ཀྱི་མི་ཞིག་ཏུ་བརྩི་གི་ཡོད”ཅེས་ཕུར་བུ་ལྷ་མོས་མིག་ལ་མཆི་ཞག་འཁོར་བཞིན་དུ་བཤད།ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱིས། བདེ་སྐྱིད་ཁྱིམ་ཚང་གཉེར་སྐྱོང་བྱས།
ཞོགས་ཟས་ཁང་བཙུགས་པ་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་ཞིང་། དེར་སྔ་ལངས་ཕྱི་ཉལ་བྱེད་དགོས་ལ་ལོ་ཧྲིལ་པོར་ངལ་གསོ་རྒྱག་ཁོམ་ཡང་མེད་ལ། ཉིན་ལྟར་ཐོ་རེངས་ཆུ་ཚོད་ལྔ་དང་ཕྱེད་ཀར་མལ་ལས་ལངས་ཏེ་ལྟོ་ཆས་གྲ་སྒྲིག་བྱེད་པ་ནས་ཕྱི་དྲོའི་བར་ལས་ལ་བྲེལ་རྗེས་གཞི་ནས་ངལ་གསོ་ཁོམ་ཡོད། ཉིན་ལྟར་དེ་ལྟར་བསྐྱར་ཟློས་ཀྱིས་ལས་ལ་བྲེལ་དགོས་པས་དཀའ་ངལ་ཆེ་ཙམ་ཡོད་མོད། འོན་ཀྱང་ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོའི་དབར་གྱི་བརྩེ་དུང་ནི་སྔ་ཕྱི་བར་གསུམ་དུ་འགྱུར་ལྡོག་འགྲོ་མྱོང་མེད་པར། ཕན་ཚུན་གཅེས་སྐྱོང་དང་བསྟུན་མཁས་བྱས་ཏེ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་གྱི་ཡོད།
ལོ་ལྟར་དཀའ་ལས་དེ་ལྟར་བརྒྱབ་པའི་དབང་གིས་ཕུར་བུ་ལྷ་མོའི་གཟུགས་པོ་དེ་ཙམ་ཡག་པོ་མེད་པས་ཧུའེ་ཀྲེན་མིན་གྱིས་ཁོང་ལ་ལྟ་རྟོག་གང་ཐུབ་བྱེད་ཀྱི་ཡོད། ཉིན་ལྟར་ཐོ་རེངས་སུ་ཁོང་གིས་ཕུར་བུ་ལྷ་མོ་ལས་ཆུ་ཚོད་ཕྱེད་ཀ་ཙམ་སྔོན་ལ་མལ་ལས་ལངས་ཏེ་ཐབ་སྤོར་བ་དང་། འབྲས་ཐུག་བཀོལ་བ། ཚལ་གྲ་སྒྲིག་བཅས་བྱས་ཏེ་ཐབ་ཚང་གི་ལས་ཀ་ལྕི་བ་དང་དཀའ་ལས་ཁག་པ་ཚང་མ་སྔ་སྣུར་དུ་བྱས་ནས་ཕུར་བུ་ལྷ་མོ་གཉིད་ཅུང་ཟད་མང་བ་ཁུག་འཇུག་གི་ཡོད། ཟ་ཁང་བཙུགས་རྗེས་ཅ་ལག་ལྗིད་པོ་སྤོ་བ་དང་། མཐོ་སར་ཕྱི་བདར་གཏོང་བ། ཡུན་རིང་ལངས་པ་བཅས་བྱེད་དགོས་ཚེ་ཁོང་གིས་ཕུར་བུ་ལྷ་མོར་ཐེ་ཇུས་གཏན་ནས་བྱེད་མི་འཇུག་པར་རང་སོ་སོས་བྱེད་ཀྱི་ཡོད་ལ། བྲེལ་བ་ག་འདྲ་ཆེ་ཡང་ཁོང་གིས་ཕུར་བུ་ལྷ་མོར“ཐང་ཆད་ཚེ་ངལ་གསོ་རྒྱག་པར་སོང”ཞེས་ཡང་ཡང་བརྗོད་བཞིན་ཡོད། ཧུའེ་ཀྲེན་མིན་གྱིས“ཁོང་ང་དང་མཉམ་དུ་ཞོགས་ཟས་ཁང་དུ་དཀའ་ལས་བརྒྱབ་ཚེ་གཟུགས་པོ་ཐང་པོ་མེད་པས། ངས་ལས་ཀ་མང་ཙམ་བྱེད་འོས་པ་ཞིག་རེད། འོན་ཀྱང་ཁོང་དཀའ་ལས་ཁག་ཏུ་འཇུག་མི་རུང”ཞེས་བཤད།
ཕུར་བུ་ལྷ་མོས་ཀྱང་རང་གི་བྱེད་སྟངས་ཐོག་ནས་བཟའ་ཟླའི་བྱམས་བརྩེར་དྲིན་ལན་འཇལ་གྱི་ཡོད་ཅིང་། ལོ་ཤས་རིང་ཁོང་གིས་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་ཚང་མ་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་པ་དང་བུ་ཕྲུག་གཉིས་པོ་སྤྱང་གྲུང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱས་པ་མ་ཟད། ད་དུང་ཧུའེ་ཀྲེན་མིན་གྱི་པཱ་ལགས་ལ་སྲི་ཞུ་བསྒྲུབས་ནས། ཧ་ལམ་ལོ་ལྟར་ཧྲའན་ཞིའི་ཕ་ཡུལ་དུ་རྒན་རྒོན་ལ་ལྟ་བར་འགྲོ་བཞིན་ཡོད། ལྷ་སར་སྡོད་སྐབས་ཀྱང་རྟག་ཏུ་རྒན་རྒོན་གྱི་ཟས་གོས་འགྲོ་འོང་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་ལ། དུས་ཚིགས་བརྗེ་རིམ་བཞིན་སྔོན་ཚུད་ནས་གྱོན་གོས་གྲ་སྒྲིག་བྱེད་པ་དང་དུས་བཀག་ལྟར་ཁ་པར་བརྒྱབ་ནས་གཟུགས་གཞིའི་སྐོར་སྐད་ཆ་དྲིས་ཏེ་ཧུའེ་ཀྲེན་མིན་གྱི་སེམས་ཁྲལ་བསལ་གྱི་ཡོད། ཕུར་བུ་ལྷ་མོས“མི་གཉིས་མཉམ་དུ་འཚོ་བ་སྐྱེལ་སྐབས་སུ་འབད་བརྩོན་ཧུར་ཐག་བྱས་ཚེ་དེ་ལེགས་པ་ཞིག་མིན་པར་ཁྱེད་ཀྱིས་ངར་ཤ་ཚ་བྱེད་པ་དང་ངས་ཁྱེད་ལ་བརྩི་འཇོག་བྱས་ནས། ཕན་ཚུན་བཟོད་སྒོམ་བྱས་ཚེ་གཞི་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ། གནས་ལུགས་དེ་རྒྱ་རིགས་དང་བོད་རིགས་གང་ཡིན་རུང་གཅིག་མཚུངས་རེད”ཅེས་བཤད།
མི་རིགས་ཕན་ཚུན་གྱི་འཚོ་བར་དེ་བས་མཉམ་འདྲེས་ཐུབ་ཆེད། ཁོང་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བརྩི་འཇོག་བྱས་ནས། ཧུའེ་ཀྲེན་མིན་གྱིས་བོད་སྐད་དང་བོད་གླུ་སྦྱོང་བ་དང་། བཟའ་ཟླ་དང་མཉམ་དུ་བོད་ཟས་ཟ་བ། བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གཏོང་བ། བོད་རིགས་ཀྱི་གཉེན་ཉེ་ཚོ་དང་ཁྱིམ་ཚང་གཅིག་གི་ནང་མི་ལྟར་འཆམ་མཐུན་ཡོང་བ་བཅས་བྱེད་ཀྱི་ཡོད་ལ། ཕུར་བུ་ལྷ་མོས་ཀྱང་ཧུའེ་ཀྲེན་མིན་གྱི་ས་ནས་རྒྱ་རིགས་ཀྱི་གོམས་སྲོལ་སྦྱོང་བ་དང་། ཁོང་དང་མཉམ་དུ་ཕ་ཡུལ་དུ་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པར་བསྐྱོད་དེ་ཆུ་མོག་བཟོ་བ་དང་། དཔྱིད་གསར་ཆ་ཡིག་སྦྱོར་བ། ལོ་གསར་གནམ་གང་གི་ཁ་ལག་ཟ་བ་བཅས་བྱས་ནས་རྒྱ་རིགས་ཀྱི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་ཀྱི་ཡོད། ཁོང་ཚོའི་ཚོམས་ཆེན་ནང་རྒྱ་རིགས་ཀྱི་བཀྲ་ཤིས་མཚོན་པའི་ཡི་གེ་བཀལ་ཡོད་ལ་བོད་རིགས་ཀྱི་བཀྲ་ཤིས་པའི་རྒྱན་ཆ་ཡང་བསྒྲིགས་ཡོད་པས། རིག་གནས་དེ་གཉིས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱིས་ཁྱིམ་ཚང་དེའི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།
ཁྱད་ལྡན་ཟ་ཁང་ཆུང་ཆུང་ལས། མི་རིགས་མཉམ་འདྲེས་ལས་སྟེགས་བསྐྲུན།
“ཧུའེ་ཞའོ་རྒྱ་ཟས་སིལ་ཟས་ཁང”གནས་སའི་ཞི་མཐུན་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ཁུལ་ཞིག་ཡིན་ཞིང་། ཞོགས་ཟས་ཁང་དུ་མི་རིགས་མི་འདྲ་བའི་གྲོང་མི་མཉམ་དུ་བསྡད་དེ་ཐུག་པ་ཚ་པོ་འཐུང་བ་དང་། ཞོགས་ཟས་ཟ་བ། ཅི་འཕྲོས་མོལ་འཕྲོས་བྱེད་པ་བཅས་རྟག་ཏུ་མཐོང་རྒྱུ་ཡོད་པས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་དང་ཀུན་ནས་མཚུངས། ཟ་ཁང་བཙུགས་ནས་ལོ་མང་སོང་རིང་། བཟའ་ཚོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མགྲོན་པོ་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མི་རིགས་མི་འདྲ་བའི་བཟའ་བཏུང་གོམས་གཤིས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ། རང་འགུལ་ངང་ལྟོ་ཆས་ཀྱི་བྲོ་བ་ལེགས་སྒྲིག་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོར་ལྟ་རྟོག་བྱེད་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཧུའེ་ཀྲེན་མིན་གྱི་ངོས་ནས་བརྗོད་ན། ཞོགས་ཟས་ཁང་དེ་ནི་འཚོ་བ་སྐྱེལ་ས་ཙམ་མ་ཟད། གཟུགས་མེད་ཀྱི་སྦྲེལ་ཟམ་ཞིག་དང་དེ་བས་འདྲ་བར་ཁྱིམ་མཚེས་དབར་གྱི་བརྩེ་བ་འབྲེལ་མཐུད་ཐུབ་པ་མ་ཟད། མི་རིགས་མི་འདྲ་བའི་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་དྲོ་སྐྱིད་ལྡན་པའི་ལས་སྟེགས་ཤིག་ཀྱང་ཐབས་མཁས་ངང་བསྐྲུན་ཡོད། ཧུའེ་ཀྲེན་མིན་གྱིས“ཞི་མཐུན་སྡེ་ཁུལ་དུ་ཟ་ཁང་བཙུགས་ནས་ལོ་མང་སོང་རིང་། ང་ཚོ་དང་ཁྱིམ་མཚེས་དབར་སྔ་ས་ནས་ཁྱིམ་ཚང་གཅིག་ཏུ་གྱུར་ཡོད། སྡེ་ཁུལ་གྱི་ལས་དོན་མི་སྣས་ཀྱང་ང་ཚོར་སེམས་ཁུར་ཆེན་པོ་བྱས་ནས། རྟག་ཏུ་ང་ཚོའི་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་འདུག ངའི་ངོས་ནས་བརྗོད་ན། ཟ་ཁང་དུ་ལྟོ་བཟའ་བར་ཡོང་མཁན་ཚང་མ་གྲོགས་པོ་ཡིན། མི་རིགས་གང་ཞིག་ཡིན་རུང་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱས་ཚེ་གཞི་ནས་འཆམ་མཐུན་ཡོང་སྲིད”ཅེས་བཤད།
ད་ཆ་ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོ་མཉམ་དུ་འཚོ་བ་བསྐྱལ་ནས་ལོ30ཙམ་སོང་ཡོད་ལ། ཞོགས་ཟས་ཁང་དེའང་གྲ་བཞི་ལམ་གྱི་ཚོང་ཁང་ཆུང་ཆུང་ནས་འདམ་རའི་ལམ་གྱི་ཚོང་ཁང་གསར་པར་སྤོས་ཡོད། དེའི་བརྒྱུད་རིམ་ཁྲོད་སྡེ་ཁུལ་གྱི་ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་ཁོང་ཚོར་ནང་མི་ལྟར་ཐུགས་ཁུར་དང་གཟིགས་སྐྱོང་བྱས་ནས་དྲོ་སྐྱིད་སྦྱིན་པ་དང་རྒྱབ་སྐྱོར་མང་པོ་བྱས་པས་འཚོ་བར་དེ་བས་རེ་སྒུག་གིས་ཁེངས་ཡོད། འབྱུང་འགྱུར་སྐོར་གླེང་སྐབས། ཧུའེ་ཀྲེན་མིན་དང་ཕུར་བུ་ལྷ་མོས་རེ་སྒུག་གིས་ཁེངས་བཞིན“ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་ཡིན། དེ་གར་ང་ཚོའི་ནང་མི་དང་། བྱ་གཞག འབྲལ་ཐབས་མེད་པའི་བརྩེ་སེམས་བཅས་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་དུ་ཞོགས་ཟས་ཁང་ཡག་པོ་གཉེར་ནས་ལག་གཉིས་ལ་བརྟེན་ནས་འབད་བརྩོན་བྱས་ཏེ་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་བྱེད་པ་དང་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུར་བརྟེན་ནས་མགྲོན་པོ་དེ་བས་མང་བར་དྲོ་སྐྱིད་སྦྱིན་རྒྱུ་ཡིན”ཞེས་ཧུའེ་ཀྲེན་མིན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས། སླད་ཕྱིན་ངས་བོད་རྒྱ་མི་རིགས་དབར་གྱི་བརྩེ་དུང་དེ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ནས་ཁྱིམ་ཚང་ཞིག་གི་འཆམ་མཐུན་ནས་འགོ་བཙུགས་ཏེ་སྡེ་ཁུལ་གྱི་འཆམ་མཐུན་ཡོང་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་མི་དེ་བས་མང་བར་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།
“ཧུའེ་ཞའོ་རྒྱ་ཟས་སིལ་ཟས་ཁང”དེ་ཆུང་ཙམ་ཡོད་རུང་དེ་གར་དྲོ་སྐྱིད་ཀྱིས་ཁེངས་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཀྱང་དེ་བས་མངོན་ཡོད། མངོན་གསལ་དོད་པོ་དེ་ཙམ་མེད་པའི་ཞོགས་ཟས་ཁང་དེར་རྒྱ་བོད་བཟའ་ཚོས་ལོ་ཉི་ཤུ་ལྷག་ཙམ་ལྟ་རེས་སྐྱོང་རེས་དང་འབད་འཐབ་བྱས་པའི་འབྲས་བུ་ཡོད་ལ། བབ་ཆགས་ཤོས་ཀྱི་རྣམ་པའི་ཐོག་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ནང་དོན་གཏིང་ཟབ་གསལ་འགྲེལ་ཡང་བྱས་ཡོད། དེ་གར་མི་རིགས་མཐུན་སྒྲིལ་ནི་སྤྱི་མཚན་གྱི་ཐ་སྙད་ཙམ་མིན་པར་རྒྱུན་གཏན་འཚོ་བའི་ཁྲོད་ཕན་ཚུན་ལྟ་སྐྱོང་དང་བརྩི་འཇོག་བྱེད་ཅིང་། ཟ་ཁང་སྒོ་ཕྱེ་མ་ཐག་མི་རིགས་མི་འདྲ་བ་ཚང་མ་མཉམ་དུ་བསྡད་ནས་ནང་མི་ལྟར་ཞོགས་ཟས་ཚ་པོ་ཞིག་ཟ་ཐུབ་པས། སྤྱིར་བཏང་གི་འཚོ་བའི་ཁྲོད“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”བརྩེ་སེམས་ཟབ་མོ་རིམ་གྱིས་ཆགས་ནས་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་ཤོས་དང་བབ་ཆགས་ཟབ་ཤོས་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་བར་བྱས་ཡོད།