མདུན་ཤོག > ཆེད་སྒྲིག > ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། > དཔྱད་གཏམ།

ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པ།

2026-04-15
            2025ལོར་ལྷ་སའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར1090.99ཟིན་ཏེ། བོད་ལྗོངས་ཀྱི་སྒོར་དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར་ཐོག་མར་གྱུར་ཡོད། སྒོར་དུང་ཕྱུར་སྟོང་གི་གྲུབ་འབྲས་ནི་ཐོན་ལས་མ་ལག་ཕྱོགས་སྒྱུར་རིམ་སྤོར་དང་། གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར། སྒོ་དབྱེའི་བཀོད་པ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་བཅས་ལས་བྱུང་བ་རེད། བྱེད་ནུས་ཆེན་པོ་དེ་གསུམ་གྱིས“ཉི་འོད་གྲོང་ཁྱེར”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་ཡོད།
            ཐོན་ལས་རིམ་སྤོར་བྱུང་བ།
            ས་རུབ་རྗེས་ཕྲ་ཆིལ་ཆིལ་གྱི་གློག་འོད་འོག་ལྷ་སའི་སྐྱིད་ཆུར་རླབས་ཕྲེང་འོད་ཆེམ་མེར་སྣང་ལ། གློག་སྒྲོན་གྱིས་བརྒྱན་པའི་གྲུ་གཟིངས་ནང་ཡུལ་སྐོར་བས་ཅི་དགར་རོལ་བཞིན་ལྷ་སའི་མཚན་ལྗོངས་ལ་མྱོང་རོལ་བྱེད་བཞིན་འདུག ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་ཏེ“བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ”ཞེས་པ་སྤེལ་མགོ་ཚུགས་པས། ཡུལ་སྐོར་བས་ལྷ་སའི་མཚན་མོའི་མཛེས་ལྗོངས་ཉམས་ལེན་ཐུབ་ཡོད་ལ། དེ་ལས་ལྷ་སའི་རིག་གནས་ཡུལ་སྐོར་དེ“ལྟ་སྐོར་གཅིག་པུ”ནས“ཉམས་ལེན་གཙོ་བོའི”བར་འགྱུར་ལྡོག་བྱུང་བའང་མཚོན་ཡོད།
            རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་ལྷ་སའི་གཙོ་ཁྲིད་ཐོན་ལས་ཤིག་རེད། 2025ལོར། ལྷ་ས་གྲོང་ཁྱེར་གྱིས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་ཕྱིན་པར་སྐུལ་འདེད་བཏང་། ཞིམ་ཟས་ལོངས་སུ་སྤྱོད་རྒྱུ་ཡོད་ལ་མཛེས་ལྗོངས་ལའང་ལྟ་ཐུབ་པའི་ཐོག་རྩེག་གཉིས་ཅན་གྱི་རླངས་འཁོར་ཐོག་མར་ནང་འདྲེན་བྱས་ནས་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ས་ཚིགས9བཙུགས་པ་རེད། ལྷ་སའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན། ཡུལ་སྐོར་ཚོང་པའི་ཚོགས་ཆེན་དང་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་ཚོགས་འདུ། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཚོགས་མིའི་ཉིན་མོའི་བྱེད་སྒོ “མག་གསར་དང་བག་གསར་བརྒྱའི”མཉམ་སྡེབ་གཉེན་སྒྲིག་དགའ་སྟོན་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ཡོད། 
            ལྷ་སས་རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ་རིག་གནས་དང་། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། “འཛམ་གླིང་ཡང་རྩེའི”རིག་གནས་ཡུལ་སྐོར་ཚོང་རྟགས་གཏོད་པར་རམ་འདེགས་བྱས་པ་མ་ཟད། གངས་ལྗོངས་མཐོ་སྒང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བཀོད་པ་སླར་ཡང་བཏོད་ཡོད།
            བྱེད་ཐབས་རབ་དང་རིམ་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི5051སྣེ་ལེན་བྱས་པ་དེ་དུས་མཉམ་ལས16.8%འཕར་ཡོད་པ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར606ཟིན་པ་དེ་དུས་མཉམ་ལས14.5%འཕར་ཡོད།
            རིག་གནས་ཡུལ་སྐོར་ཐོན་ལས་ཕུད། སྒོར་དུང་ཕྱུར་སྟོང་གི་དམིགས་འབེན་མངོན་འགྱུར་གྱི་མཐའ་མའི་གདོང་མཆོང་གི་གོ་རིམ་ཁྲོད། ལྷ་སས“ཐོན་ལས་སྟོབས་ཆེན་གྲོང་ཁྱེར”གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཐོན་ལས་སྤུས་འདེགས་ལས་གཞིར་ཤུགས་བསྣན་པ་དང་། “གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”ཡི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་འཛུགས་སྐྲུན་བྱས། དེང་སང་། “ལྷ་སའི་དངོས་ཟོག་བཟང་བོའི”ཚོང་རྟགས་རྒྱལ་ཡོངས་སུ་ཁྱབ་པ་དང་དངུལ་རྩའི་ཚོང་དོན་ཁུལ་དུ་དངུལ་རྩའི་སྒྲིག་གཞི600ལྷག་ཡོད་པ། གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་དུས་གཏན་དུ་གཞིས་ཆགས་པ། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་ལོ་རེར་ཆ་སྙོམས20%ལས་བརྒལ་བ་འཕར་སྣོན་བྱུང་བ། ལྗང་མདོག་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར། དངུལ་རྩའི་ཚོང་དོན་བཅས་ཀ་རྟེན་ཐོན་ལས་ཆེན་པོ་གསུམ་དུས་གཅིག་ཏུ་སྒྲུབ་པ། ཟོག་འདྲེན་དང་ཕྱི་ཕྱོགས་ཉོ་ཚོང་། ཞིང་ཕྱུགས་ལས་སོགས་རྨང་གཞིའི་ཐོན་ལས་ཆེན་པོ་དགུ་མཐུན་སྦྱོར་འཕེལ་རྒྱས་དང་། ཁྱད་ཆོས་མངོན་གསལ་ཡིན་པ། སྣ་མང་འདེགས་སྐྱོར་གྱི་ཐོན་ལས་ཆགས་སྟངས་བཅས་ཀྱིས་དུང་ཕྱུར་སྟོང་གི་དམིགས་འབེན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
            སྲིད་ཇུས་ཀྱིས་མཐུན་རྐྱེན་བསྐྲུན་པ།
            ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ལྗང་གསོ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལྗང་གསོ་འཁོར་ཁང་དུ་ལྗང་བུ་སྔོ་ཐིང་ངེར་སྐྱེ་འཚར་བྱུང་ཡོད། 2019ལོར་ཀུང་སི་བཙུགས་པའི་ཚུན། ཀུང་སིས་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ས་ཞིང་མུའུ་ཁྲི215འཁོར་རྒྱུག་བྱས་པ་དང་མ་འཇོག་སྒོར་ཁྲི5000ལྷག་བཏང་ནས་དེང་རབས་ཞིང་ལས་ཀྱི་ཚན་རྩལ་མཐོ་བའི་དཔེ་སྟོན་གླིང་བསྐྲུན་པ་རེད། མིག་སྔར“ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག ཁྱབ་གདལ། བཀོལ་སྤྱོད”གཞི་གཅིག་ཅན་གྱི་ལས་སྟེགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།
            “བོད་ལྗོངས་ལ་མ་འཇོག་བྱེད་པར་དང་ཐོག་ལྷ་ས་གདམ་ག་བྱེད་དགོས”ཞེས་པ་འབོད་ཚིག་ཅིག་གཏན་ནས་མིན། ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། སྲིད་ཇུས་ཀྱི་ཡིད་དབང་འགུག་ཤུགས་ལ་བརྟེན་ནས་ཚོང་འགུགས་དངུལ་འདྲེན་གྱི་ལས་དོན་ལ་མཐུན་རྐྱེན་སྦྱར་ཡོད། ལྷ་སས“དཔེ་རིས་གཅིག་དང་མཛོད་གཉིས”ཀྱི་རྣམ་པ་གསར་པ་གསར་གཏོད་བྱས་ནས་ཚོང་འགུགས་དངུལ་འདྲེན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་ཏེ། རིག་གནས་དང་། རོལ་རྩེད། བཟའ་བཏུང་སོགས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐོར་གཅིག་བཏོད་པ་དང་བཟོ་སྐྲུན་རྣམ་གྲངས་གསར་པ་བདེ་བླག་ངང་དོན་འཁྱོལ་ཐུབ་སྟེ། ལོ་ཧྲིལ་པོར་ཚོང་འགུགས་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར305.46དོན་འཁྱོལ་བྱས་ཡོད། གྲོང་ཁྱེར་ཡོངས་སུ་སྒོར་ཁྲི5000ཡན་གྱི་མ་འཇོག་རྣམ་གྲངས96དང་། མཐོ་གསར་ལག་རྩལ་ཁེ་ལས61 གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས11བཅས་གསར་འཕར་བྱུང་ཡོད།
            ན་ནིང་གི་ཟླ5པར། སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར15ཟིན་པའི་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་སྟོབས་ཆེན་གྲོང་ཁྱེར་གྱི་ཐེབས་རྩ་དངོས་སུ་བཙུགས་པ་དང་འབྲེལ་སྤྱོད་མགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས། ཐེབས་རྩ་དེ་ནི་བོད་ལྗོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐོན་ལས་ཐེབས་རྩ་དང་པོ་དེ་ཡིན་ལ། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། ལྷ་ས་གྲོང་ཨུའི་ནོར་སྲིད་གཞུང་ལས་ཁང(གྲོང་ཁྱེར་ས་གནས་ཀྱི་དངུལ་རྩ་ལྟ་འདོམས་ཅུས)གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། ཐེབས་རྩས་མ་དངུལ་སྒོར་ཁྲི5000ཡི་ཐད་འཇོག་རྣམ་གྲངས་ཐོག་མར་བདེ་བླག་ངང་རྩིས་སྤྲོད་བྱས་ཤིང་། གཞི་ཁྱོན་སྒོར་དུང་ཕྱུར3དང་སྒོར་དུང་ཕྱུར2སོ་སོར་ཟིན་པ་དང་གཙོ་གནད་གྲངས་འཛིན་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཡན་ལག་ཐེབས་རྩ་གཉིས་གཅིག་རྗེས་གཉིས་མཐུད་ངང་ཐོ་བཀོད་བྱས་ཡོད། གཞི་ཁྱོན་སྒོར་དུང་ཕྱུར2ཟིན་པའི་ཡན་ལག་ཐེབས་རྩར་གྲོང་ཁྱེར་གྱི་ཐོན་ལས་སྟོབས་ཆེན་ཐོན་ལས་གྱི་མ་འཇོག་ཐེབས་རྩ་དོ་དམ་ཨུ་ལྷན་གྱི་གྲོས་ཞིབ་བྱས་ཏེ། ནུས་ཁུངས་གསར་བ་དང་རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་གནད་འཁེལ་ཤུགས་འདོན་བྱས། དེར་བརྟེན། ལྷ་ས་གྲོང་ཁྱེར་གྱི“1+N”ཡན་ལག་ཐེབས་རྩའི་སྒྲོམ་གཞི་ཕྱོགས་ཡོངས་སུ་གྲུབ་ནས་བརྟན་པོར་བཀྲམ་ཡོད།
            ལྷ་སས་ད་དུང《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཏེ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི“བྱེད་ཐབས18”བཏོན་པ་དང“དྲ་གཅིག་ཡོངས་སྒྲུབ”ཀྱི་འདུས་གྲུབ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། 2025ལོར་ལྷ་སར་རིགས་སོ་སོའི་གཉེར་སྐྱོང་བྱེད་པོའི་ཚོང་དུད་ཁྲི2.89གསར་འཕར་བྱུང་བ་དང་། ལྷ་སར་ཐོ་བཀོད་བྱས་པའི་གཉེར་སྐྱོང་བྱེད་པོའི་ཚོང་དུད་ཁྲི21.31ཟིན་པ་དེས་བོད་ལྗོངས་ཀྱི་གསུམ་ཆའི་གཅིག་བཟུང་ཡོད།
            སྒོ་འབྱེད་འཕེལ་རྒྱས་བྱུང་བ།
            ནུས་གསར་རླངས་འཁོར་དང་ལིས་གློག་རྫས་སོགས“རྣམ་གསར་གསུམ”དང་དེ་བཞིན་མཐོ་སྒང་ཁྱད་ལྡན་ཐོན་རྫས་བླུགས་པའི་དོས་སྒམ་རླངས་འཁོར་ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ནས་ལམ་ལ་ཆས་ཏེ། ལྷོ་ཕྱོགས་བརྒྱུད་ནེ་པ་ལའི་ཚོང་ཤག་གི་ལག་ཏུ་འབྱོར་ཡོད། ད་ཆ་ལྷ་ས་འགག་སྒོས“སྔ་སྣུར་དུ་རེ་ཞུ་བྱེད་པ་དང་། འབྱོར་མ་ཐག་ཞིབ་བཤེར་བྱས་ནས་གཏོང་བ”སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་བརྟེན་པ་དང་། ནེ་པ་ལའི་འགག་སྒོར་ཐོ་འགོད་བྱས་པ་དང་ལྷ་སར་བསྐྲུན་པའི་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་མཛོད་ཁང་ཐོག་མ་འདེགས་སྐྱོར་བྱས་པར་བརྟེན། ལྷ་ས་དང་ནེ་པ་ལའི་དབར་གྱི་ཚོང་དོན་འགྲོ་འོང་སྔར་བས་སྟབས་བདེ་རུ་ཕྱིན་ཏེ་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
            2024ལོའི་ཟླ6པའི་ཚེས27ཉིན་ལྷ་སར་རྒྱལ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད། གོ་སྐབས་དེར་བརྟེན་ནས་ལྷ་སས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་མགྱོགས་མྱུར་བསྐྲུན་ཡོད། ན་ནིང་ཟླ5པར། གླིང་ཁུལ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཐོག་མར་བདེ་བླག་ངང་བདམས་པ་མ་ཟད། དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་པ་དང་ཟླ་དེར་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར1.4ཟིན་ཡོད། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1.6ཟིན་པའི་གླིང་ཁུལ་དེར་སྨི་གྲུ་བཞི་མ1800ཕོད་པ་དང་། དེའི་ནེ་པ་ལའི་ཕྱི་རྒྱལ་མཛོད་ཁང་དང་། རིག་ནུས་ཟོག་འགྲུལ། རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན། གསར་གཏོད་སྐྱོང་གསོ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ཡོད། ཚོད་ལྟའི་གཉེར་སྐྱོང་བྱས་པ་ནས་ད་བར་གླིང་ཁུལ་དུ་རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁེ་ལས24བཅའ་སྡོད་བྱས་པ་དང་བསྡོམས་པས་རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར27ཟིན་ཡོད།
             ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་ཙོའུ་ཞིན་ཧྲེང་གིས་མིག་སྔར་གླིང་ཁུལ་དུ་སྐྲུན་བཞིན་པའི་ཁུལ་གསུམ་ལས་གཞིར་དོས་སྒམ་འཇོག་ས་དང་། ཚད་གཞི་མཐོ་བའི་འཁྱགས་ཉར་མཛོད་ཁང་ལྟེ་གནས། རིག་ནུས་ཟོག་འགྲུལ་གྲངས་འཛིན་ཅན་གྱི་ལས་སྟེགས་བཅས་ཡོད། ལས་གཞི་བསྐྲུན་རྗེས་དངོས་ཟོག་འཁོར་རྒྱུག་གི་ལས་ཕྱོད30%ཡི་ཇེ་མཐོར་དང་ཕྱོགས་བསྡུས་ཟོག་འགྲུལ་གྱི་མ་གནས20%ཇེ་དམའ་རུ་འགྲོ་རྒྱུ་རེད། གཞན་ཡང་། ནེ་པ་ལའི་ཕྱི་རྒྱལ་མཛོད་ཁང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་ཕྲེང་འབྲེལ་ཧྲིལ་པོའི་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
            བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་བོད་རང་སྐྱོང་ལྗོངས་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར84.79ཟིན་ཞིང་། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ལྟེ་བ་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་དུས་མཚུངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར56.69ཟིན་ནས། ལྗོངས་ཡོངས་ཀྱི་བསྡོམས་འབོར་ཁྲོད67%བཟུང་བ་དང་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར22.81ཟིན་ནས་ལྗོངས་ཡོངས་ཀྱི་ནང་འདྲེན་བསྡོམས་འབོར་གྱི97%བཟུང་སྟེ། དུས་མཉམ་ལས85%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། གངས་ལྗོངས་མཐོ་སྒང་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་པ་མ་ཟད། མཐོ་སྒང་འཛམ་གླིང་ལ་ཁ་ཕྱོགས་པའི་སྒོ་འབྱེད་རྣམ་པའང་མངོན་ཡོད།
            ལྷ་སའི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དེ་གྲངས་ཀའི་མཆོང་སྐྱོད་ཁོ་ན་མིན་པར། དེ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ཞིག་དང་། མཐོ་སྒང་གི་གྲོང་ཁྱེར་འབད་འབུངས་སྒོས་དུས་རབས་གསར་བར་སྐྱོད་པའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཞིག་ཀྱང་རེད། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་དམིགས་འབེན་མངོན་འགྱུར་བྱུང་བ་ཡིས་ལྷ་སའི“བརྟན་ཐོག་ཡར་འཕེལ”གྱི་འཕེལ་རྒྱས་གནས་བབ་ར་སྤྲོད་བྱས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་གླིང་གཙོ་ཁྲིན་ཨེ་ཏུང་གིས་ལྷ་སའི་དཔལ་འབྱོར་ལ་ཚད་བརྒལ་བྱུང་བ་ནི་གྲོང་ཁྱེར་གྱི་གྲུབ་འབྲས་ཁོ་ན་མིན་པར། དེ་ནི་རང་རྒྱལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་མཐའ་མཚམས་མི་རིགས་ས་ཁུལ་འཕེལ་རྒྱས་སྲིད་ཇུས་ཀྱི་རྒྱལ་ཁའི་ལག་ལེན་ཡང་རེད། དེ་ལས་རང་བྱུང་ཆ་རྐྱེན་བལྟོས་བཅོས་དཀའ་སྡུག་ཆེ་བའི་མཐོ་སྒང་ས་ཁུལ་དུའང་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁྱད་ལྡན་འཕེལ་རྒྱས། བཅོས་སྒྱུར་གསར་གཏོད་སོགས་བྱས་པའི་ཚེ། དེ་མཚུངས་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་མངོན་འགྱུར་བྱུང་ནས། འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་དེང་རབས་ཅན་གྱི་ལམ་དུ་སྐྱོད་པར་ཇུས་འགོད་ནུས་ལྡན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། དཔལ་གཡང་།