ཟླ3པའི་ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འགོ་ཚུགས། བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་། དྲ་རྒྱའི་ཐད་གཏོང་། སྒུལ་བདེའི་དུད་སྣེ་སོགས་བརྒྱུད་ནས་འགོ་ཚུགས་ཚོགས་འདུའི་གཟབ་རྒྱས་ཀྱི་ཐད་གཏོང་གནས་ཚུལ་ལ་ནན་ཏན་ངང་གསན་གཟིགས་གནང་ཞིང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་དོ་ཁུར་བྱས་ཤིང་། དུས་རབས་འཕེལ་རྒྱས་ཀྱི་འགྲོས་ལ་མྱོང་ཚོར་ཟབ་མོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།
བོད་ལྗོངས་ཡོངས་ཀྱི་རིམ་ཁག་ལས་ཁུངས་ཁག་ཏུ་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་ཚོས་མཉམ་དུ་འགོ་ཚུགས་ཚོགས་འདུ་ལ་བལྟས་པ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ནན་ཏན་ངང་ཉན་པ། སྙན་ཞུའི་ནང་གི་འགག་རྩའི་ནང་དོན་དང་བཀོད་སྒྲིག་གལ་ཆེན་ཟིན་ཐོར་ཡང་ཡང་བཀོད་པ་བཅས་བྱས་པས་ཡུལ་དངོས་ཀྱི་རྣམ་པ་སྒམ་ཞིང་ནན་ལ་སྤྲོ་བས་ཁེངས། ཚང་མས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཕྱོགས་བསྡོམས་གྲུབ་འབྲས་དོན་དངོས་དང་མཐུན་ཁར་ཞིབ་ཅིང་ཕྲ་བ། འཕེལ་རྒྱས་འཆར་འགོད་ཀྱི་བསམ་ཕྱོགས་ཁ་གསལ་བ། ལས་དོན་བཀོད་སྒྲིག་བྱེད་ཐབས་ནུས་ལྡན་བཅས་ཡོད་པས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡོད་པ་མ་ཟད། ལོ་གསར་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ཧ་ལས་དགོས་པ་བྱུང་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་སུའུ་ཏུང་ཧུའེ་ཡིས2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་བཙུགས་པའི་ལོ་ཡིན་པས་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བ་དང་། ལས་འགན་གཟི་བརྗིད་ཆེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། སྤྱི་དམངས་ཀྱི་སྨན་སྤྱོད་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་བ། སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་དང་། སྨན་རྫས་ལྟ་སྐུལ་དོ་དམ་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་ངོ105འཁོར་བར་བསུ་བ་ཞུ་རྒྱུ་ཡིན།
བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཏུང་ཧྲི་ཀྲང་ཆི་ཐེང་ཝུའུ་ཡིས“དོན་ཆེན་བཞིར”དམ་པོར་དམིགས་ནས“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ་དང་ལྷག་པར་དུ་ནུས་རྒྱུ་གཙང་མའི་འཕེལ་རྒྱས་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ནང་ཞུགས་ནས། ཚོགས་པའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”ནུས་རྒྱུའི་འཐབ་ཇུས་བཀོད་སྒྲིག་ནང་ཚུད་ཐུབ་པ་བྱས་ཏེ། ཚོགས་འདུའི་དགོངས་དོན་དེ་ཚོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས།
བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་སྒྲིག་འཛུགས་བྱས་ནས་མཉམ་དུ་འགོ་ཚུགས་ཚོགས་འདུར་བལྟས་ཤིང་། ཚང་མས་བརྗོད་དོན། སྙན་ཞུའི་ནང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དང་ཚད་ལྡན་དུ་བཏང་བ་ཁ་གསལ་བཏོན་པ་དང་། ཁེ་ལས་འབྲིང་ཆུང་གྲངས་གཞི་དང་རིག་སྟོབས་ཅན་གྱི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་། སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད། ཞབས་ཞུས་ལས་ཀར་ནུས་པ་སྤྲོད་པ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བོད་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། ཁེ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་། གསར་གཏོད་ཚད་བརྒལ་ཕོད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་གསར་པ་བསྣན་ཡོད།
རྒྱལ་ཁབ་ཕུག་ལམ་འཕྲལ་སྡོམ་རོགས་སྐྱོབ་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་བོད་ལྗོངས་རུ་ཁག་གི་རུ་དཔོན་ཁྲེན་ཧོའུ་ཅན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་པ། བདེ་འཇགས་ཐོན་སྐྱེད་འབྱུང་རྩ་ནས་བཅོས་པའི་དཀའ་གནད་ལས་སྒྲོལ་བ་དང་གནོད་འཚེ་སྔོན་འགོག་ལ་དམིགས་པ། དཔུང་ཁག་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་དང་། འཕྲལ་སྡོམ་སྒྲིག་ཆས་འགན་ལེན། ཉེན་ཁ་སྔོན་ནས་ཚོད་འཛིན་བཅས་ལ་ཤུགས་སྣོན་རྒྱག་པ། ཕུག་ལམ་ཨར་སྐྲུན་དང་ས་གཤིས་གནོད་འཚེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཕྲལ་སྡོམ་ལས་སྒྲུབ་གྲ་སྒྲིག་ལས་དོན་དམ་འཛིན་ཏན་ཏིག་བྱས་ནས་མགྱོགས་མྱུར་ཐག་གཅོད་དང་ཚན་རིག་དང་མཐུན་པའི་རོགས་སྐྱོབ་ནུས་པ་རྒྱུན་མཐུད་མཐོ་རུ་གཏོང་དགོས་ཅེས་གསུངས།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་རིམ་ཁག་སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མཉམ་དུ་འགོ་ཚུགས་ཚོགས་འདུར་བལྟས་པ་རེད། ཚང་མས་བརྗོད་དོན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱ་རྒྱུ་ཡིན། ཟངས་རིའི་ཐོན་ཁུངས་ཀྱི་ལྷན་སྐྱེས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“ལྟེ་བ་གཅིག་དང་ཁུལ་དྲུག”འཛུགས་སྐྲུན་གཏིང་ཟབ་བྱས་ནས“ཁྱད་ལྡན་ཐོན་ལས་གྲོང་རྡལ་ལྔའི”འཕེལ་རྒྱས་ཀྱི་སྒུལ་ནུས་སྐུལ་སྤེལ་བྱས་ཏེ་དེ་བས་དཔའ་ངར་ལྡན་པའི་འཐབ་འཛིང་སྙིང་སྟོབས་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཟངས་རིའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་འགོ་ཚུགས་ཚོགས་འདུར་ནན་ཏན་ངང་ཉན་པ་དང་། ཚང་མས། 2026ལོ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་གལ་ཆེན་ཞིག་དེ་བས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས“གླིང་གཅིག་དང་། ཁུལ་གཉིས། ས་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་ཤུགས་ཡོད་རྒུས“རྟེན་གཞི་གཅིག་དང་གྲོང་ཁྱེར་གཉིས”བཏོད་དེ། སེམས་ནུས་ཡོད་དོ་ཅོག་གིས་ལྷུན་གྲུབ་འཛུགས་སྐྲུན་གྱི་ལེའུ་གསར་བརྩོམས་དགོས།
ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་སྡེ་ཁུལ་དུ་མི་རིགས་ཁག་གི་མང་ཚོགས་མཉམ་དུ་བསྡད་དེ་ཐད་གཏོང་ལ་ལྟ་བ་དང་། རེ་སྒུག་དང་འཕེལ་རྒྱས་ཀྱི་སྐོར་ལྷུག་པོར་གླེང་བཞིན་ཡོད། འགོ་ཚུགས་ཚོགས་འདུའི་གཟབ་རྒྱས་ལས་མི་ཚང་མའི་སེམས་སུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་རེ་འདུན་ཚད་མེད་ཀྱིས་ཁེངས་ཡོད། ཡུལ་མི་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྙན་ཞུའི་ནང་གི་གྲོང་གསེབ་དར་རྒྱས་དང་དམངས་འཚོ་འགན་ལེན་སྐོར་གྱི་རྒྱས་བཤད་ལ་ཉན་པ་དང་། དྲོ་སྐྱིད་སྟེར་ནུས་པའི་བཀོད་སྒྲིག་དེ་དག་གིས་ཚང་མའི་ཡིད་ལ་བདེ་བ་རབ་ཏུ་སྦྱིན།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཞང་གསེར་ལྡིང་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གཟབ་མཆོར་ལེགས་པར་སྤྲས་པའི་གྲོང་མི་ཚོས་སྔ་ས་ནས་བརྙན་ཡོལ་མདུན་དུ་བསྡད་དེ་ཐད་གཏོང་ལ་བལྟས་པ་དང་། སྙན་ཞུའི་ནང་དམངས་འཚོ་འགན་ལེན་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་བྱེད་ཐབས་སྐོར་གླེང་སྐབས་གྲོང་མི་ཚོའི་མིག་ཟུང་ལས་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་མངོན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲོའུ་ཞའོ་ཕིང་གིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་དངོས་སྒྲུབ་སྒུལ་ཤུགས་སུ་བསྒྱུར་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས། ཐོན་ལས་སྤུས་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་འཛུགས་སྐྲུན། དམངས་འཚོའི་ཞབས་ཞུ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཏེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་དང་། འགན་འཁྲི་དངོས་སྒྲུབ་པར་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཞང་ཁྲང་དཀར་གྲོང་ཚོའི་གྲོང་མི་ཉི་མ་ཚེ་རིང་གིས“གྲོང་མི་དཀྱུས་མ་ཞིག་ཡིན་པའི་ངོས་ནས། ཚོགས་འདུ་གཉིས་ཀྱི་ཐད་གཏོང་ལ་བལྟས་རྗེས་བློ་རྒྱ་ཡངས་སུ་ཕྱིན་སོང་། སྙན་ཞུའི་ནང་གི་སྐད་ཆ་ཚང་མ་ང་ཚོ་ཞིང་པའི་སེམས་གཏམ་རང་རེད། རྒྱལ་ཁབ་ཀྱིས‘ཞིང་གསུམ’ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་མི་སེར་གྱི་འཚོ་བར་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཚོར་ཐུབ་པས། ང་ཚོས་འབྱུང་འགྱུར་གྱི་འཚོ་བར་སྔར་ལས་ལྷག་པའི་རེ་བ་འཆང་གི་ཡིན”ཞེས་བཤད།
གཞི་རིམ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་བས་སྙན་ཞུའི་ནང་ནས་ཡང་དག་པའི་ལས་ཀའི་ཁ་ཕྱོགས་རྙེད་དེ། འབད་བརྩོན་གྱི་སྟོབས་ཤུགས་ཚུར་བསྡུ་བྱས་ཡོད།
ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་གཞུང་ལས་པའི་ཚན་པ་གཉིས་པའི་ལས་བྱེད་པ་ཐུང་ཝུན་ཅིན་གྱིས་སྙན་ཞུར་ཉན་རྗེས“སྲིད་གཞུང་གི་ལས་དོན་སྙན་ཞུས་མི་རྣམས་ལ་ཡར་སྐུལ་བྱེད། ཏང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱས་ཏེ་ལྷག་བསམ་རྣམ་དག་སྒོས། དངོས་སྒྲུབ་དོན་འཁྱོལ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལྷག་བསམ་ཟོལ་མེད་བརྟན་སྲུང་དང་། གཞུང་དྲང་ཚུལ་ལྡན་ལ་བརྩི་སྲུང་ནན་པོ། ལས་འགན་དང་ལས་དོན་གཙོ་བོར་དམིགས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་བཟང་ཤོས་ལ་བརྟེན་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཀྱིས་གྲུབ་འབྲས་དངོས་ཀྱིས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བརྗོད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་ཐང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་རྩ་འཛུགས་དྲིལ་བསྒྲགས་ཨུ་ཡོན་ཚེ་རིང་སྒྲོལ་མས“སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་རྗེས་གཞི་རིམ་གྱི་ལས་གནས་ལ་གཞི་ཚུགས་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་སྔར་བས་བརྟན་དུ་ཕྱིན་སོང་། གོམ་སྟབས་རྗེས་མར། ངས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་བསམ་བློའི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་དང་ཤེས་དཔལ་ལག་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྡེ་ཁུལ་དུ་ཁྱབ་པ་དང་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱས་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ལ་འགྱུར་བ་བྱེད་རྒྱུ་ཡིན”ཞེས་བརྗོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ཏུང་ཧུང་ཀྲི་ཡིས་ཁྱིམ་སྡོད་སྡེ་ཁུལ་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ནས་དམག་ཞབས་ཐིམ་པའི་དམག་མི་རྩིས་སྤྲོད་བཀོད་སྒྲིག་དང་། གཟིགས་སྐྱོང་། ལས་ཞུགས་ལས་གཏོད་སོགས་ཀྱི་ཞབས་ཞུའི་ལས་དོན་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་བསྒྲུབས་ནས“དམངས་ཀྱི་དོ་ཁུར”དེ“ལས་ཀའི་སྒྲུབ་ཕྱོགས”སུ་བརྩིས་ནས་དེ་བས་ཏན་ཏིག་གི་བྱེད་ཐབས་དང་དེ་བས་ཡག་པའི་ཞབས་ཞུའི་ཐོག་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ཏེ་དེ་བས་དྲོ་སྐྱིད་ལྡན་པའི་དམངས་འཚོའི་རྒྱུག་ལན་འབུལ་རྒྱུ་ཡིན་ཞེས་བརྗོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་མི་སྣས་མཉམ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་ངང་འགོ་ཚུགས་པར་བལྟ་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་ལས་བྱེད་པས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“འགོ་བརྩམས་དུས་ནས་མཐོང་ཆེན་དང་། གོམ་པ་སྤོས་མ་ཐག་ནས་དལ་ལྷོད་མི་བྱེད་པའི”འབད་འཐབ་ཀྱི་ངར་ཤུགས་ལ་བརྟེན་ནས“འཐབ་ཇུས་ཆེན་པོ་བཞི”དང“ཁུལ་ལྔ་འཛུགས་སྐྲུན”དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས4Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། དམངས་འཚོའི་ཞབས་ཞུ་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་ཁག་གིས་མཉམ་སྐྲུན་དང་མཉམ་སྤྱོད་ཁྲོད་བརྩེ་བ་ཟབ་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱས་ཏེ། ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་གཞི་རིམ་གྱི་ས་གཞི་གཤིན་པོའི་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།