ཉེ་ཆར། 《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུའི་སྲུང་སྐྱོང་དོ་དམ་སྲོལ་ཡིག》ཅེས་པ་ཡོངས་བསྒྲགས་བྱས་པ་དང་། སྲོལ་ཡིག་དེ་སྤྱི་ལོ་2025ལོའི་ཟླ་5ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་ཡིག་དེ་གཏན་འབེབས་བྱས་པ་ནི་བོད་ལྗོངས་ཀྱིས་སྐྱེ་དངོས་རྐྱང་པའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་བྱེད་པའི་ས་གནས་ཀྱི་ཁྲིམས་སྲོལ་གཏན་འབེབས་བྱེད་ཐེངས་དང་པོ་ཡིན་པ་རེད།
སྲོལ་ཡིག་དེ་ཐོན་ཁུངས་སྲུང་སྐྱོང་དང་། སྔོག་འཐུ་དོ་དམ། ཚོང་རྟགས་སྲུང་སྐྱོབ། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ས་བཅད་བདུན་དང་དོན་ཚན་38ལས་གྲུབ་ཡོད་ཅིང་། དམིགས་ཡུལ་ནི་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་བྱེད་པ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཚོང་གཉེར་བྱེད་པ་སོགས་ཀྱི་བྱེད་སྒོ་ཚད་ལྡན་ཡོང་བ་དང་ནག་ཆུའི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་བཏོད་ནས་ཐོན་ལས་དེ་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
ནག་ཆུའི་དབྱར་རྩྭ་དགུན་འབུ་ཞེས་པ་ནི་ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། ལྷ་རི་རྫོང་། འབྲི་རུ་རྫོང་། སོག་རྫོང་། སྦྲ་ཆེན་རྫོང་། སྙན་རོང་རྫོང་སོགས་རྒྱལ་ཁབ་ཀྱིས་སྤྱི་བསྒྲགས་བྱས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་ནག་ཆུའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རང་བྱུང་ཁོར་ཡུག་ནང་སྐྱེ་འཚར་བྱུང་བའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྐྱེ་དངོས་དབྱར་རྩྭ་དགུན་འབུར་ཟེར་གྱི་ཡོད།
ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་ཡིན་པ་དང་། ཆུས་དང་རྫོང་6ནས་དབྱར་རྩྭ་དགུན་འབུ་ཐོན་གྱི་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།