མདུན་ཤོག > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཟླ10པའི་ཟླ་མཇུག་ཏུ་ཚང་མ་སྤོ་ཐུབ་བཟོ་འདུག

2025-04-22

      ཉེ་ཆར། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་ཀའི་སྐུལ་སྤེལ་ཚོགས་ཆེན་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད། ད་ལོའི་ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་སྡོད་ཁང་མང་པོ་བརྡིབས་པ་རེད། 

      གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་དེ་གའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་ཀའི་འཕེལ་རིམ་གསར་ཤོས་ནི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་སྔོན་དཔག་བྱས་ན་ཟླ10པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་མང་ཚོགས་ཚང་མ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་བཟོ་ཡོད། 

      འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བསྐྱར་སྐྲུན་བྱས་པའི་སྡོད་ཁང་ཚང་མར་རིམ་པ8ཀྱི་ཡོམ་འགོག་ནུས་པ་ལྡན་པ་བྱ་རྒྱུ་རེད། མིག་སྔར་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཡང་འཆར་འགོད་བྱེད་པ་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པས། སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ཏུ་ཚང་མ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་བཟོ་ཡོད་པ་དང་། ཁང་པ་ཆེ་ཆུང་མི་འདྲ་བ་6དང་བཟོ་ལྟ་མི་འདྲ་བ་4ཡོད། 

2025ལོའི་ཟླ4པར་པར་བརྒྱབ་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲོང་གི་རྣམ་པ། 

      ས་གཤིས་ཉེན་ཁ་སྐབས་བསྟུན་གྱིས་སེལ་བའི་ཐད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཚད་གཞི་སོགས་དོན་འཁྱོལ་ནན་པོ་བྱས་ནས། སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་བདེ་འཇགས་དང་། ཇུས་འགོད་བདེ་འཇགས། འཛུགས་སྐྲུན་བདེ་འཇགས། བེད་སྤྱོད་བདེ་འཇགས་བཅས་འགན་ལེན་ཐུབ་པ་བྱ་རྒྱུ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ཕྱོགས་བསྡུས་གནོད་འགོག་ནུས་པ་ཆེ་རུ་གཏོང་བར་སྤྱི་འདོམས་བྱས་ཏེ། བསྐྱར་སྐྲུན་བྱེད་ཁོངས་སུ་ས་གཤིས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་དང་གྲལ་བཤེར་བྱས་ནས་དིང་རི་དང་། ལྷ་རྩེ། གཏིང་སྐྱེས། ས་སྐྱ་བཅས་རྫོང་བཞིའི་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་ཉེན་ཁ་གཙོ་གནད་ཐོག་བཅོས་སྐྱོང་བྱ་རྒྱུ་རེད།