མདུན་ཤོག > གསར་འགྱུར། > པར་རིས་གསར་འགྱུར།

སེང་བྲོ་མཚར་ལྡན་ཏན་ཞིམ་མངར། གནའ་སྡོང་མཐུན་པའི་བརྩེ་བ་མངོན།

2025-08-01
     ཤོ་པ་མདོ་གྲོང་རྡལ་ནི་ལོ་རྒྱུས་ཐོག་མི་རིགས་མང་པོའི་རིག་གནས་དེ་གར་རྒྱུན་ཆད་མེད་པར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱས་ནས་དམིགས་བསལ་གྱི་བཟའ་བཏུང་དང་། རིག་གནས། གོམས་སྲོལ་བཅས་ཆགས་ཡོད། དེ་གའི་མཚོན་བྱེད་རང་བཞིན་ཅན་ནི་ཤོ་པ་མདོའི་སེང་བྲོ་དང་། མཐུན་སྒྲིལ་ཏན་ཞིམ། གནའ་བོའི་སྡོང་བོ་བཅས་རེད།      
     ཤོ་པ་མདོའི་སེང་བྲོའི་ལོ་རྒྱུས་ནི་ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་དང་དུས་མཇུག་བར་ཁུངས་འདེད་བྱས་ཆོག དེ་ནི་སྐབས་དེའི་བོད་སྡོད་དཔོན་དམག་གིས་ནང་དུ་ཁྱབ་སྤེལ་བཏང་ཞིང་ཕྱིས་སུ་མུ་མཐུད་དུ་དར་ཁྱབ་ཆེ་རུ་ཕྱིན། རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་ས་གནས་རང་གི་རིག་གནས་ཀྱི་གཞི་རྒྱུ་བསྡུ་ལེན་བྱས་ཏེ། ཞབས་བྲོའི་སྟངས་སྟབས་མཉམ་འདྲེས་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སེང་བྲོ་ཆགས་ཤིང་མི་རིགས་མི་འདྲ་བའི་རིག་གནས་མཉམ་འདྲེས་བྱས་པའི་མཚོན་རྟགས་ཤིག་ཏུ་གྲུབ། རྒྱུད་འཛིན་པ་རབས་ལྔ་བ་བསྟན་པ་ཨ་ཉིས1970ལོར་བཟུང་སེང་བྲོ་སྦྱངས་པ་ནས་ད་བར་ལོ50ལྷག་ཙམ་སོང་ཡོད། ཁོང་གིས་ཕྱིར་དྲན་ལྟར་ན། དང་ཐོག་མཉམ་དུ་སློབ་སྦྱོང་བྱེད་མཁན་གྱི་གྲོགས་པོ་ཁ་ཤས་ཕྱིར་གླ་པར་འགྲོ་བའམ་ཡང་ན་ལོ་ན་རྒས་པའི་དབང་གིས་ད་ཆ་དགེ་ཕྲུག7མ་གཏོགས་མེད་མོད། དེའི་ཁྲོད་དུ་ཁོང་གི་བུ་སྟེ་རྒྱུན་འཛིན་པ་རབས་དྲུག་པ་བློ་བཟང་རྒྱལ་མཚན་ཚུད་ཡོད། 
ཤོ་པ་མདོའི་སེང་བྲོའི་རྒྱུད་འཛིན་པ་རབས་ལྔ་བ་བསྟན་པ་ཨ་ཉི(གཡོན་གྱི་དང་པོ)དང་ཁོང་གི་དགེ་ཕྲུག     
     རྒྱུན་འཛིན་གྱི་ལམ་བུ་ནི་བདེ་མོ་ཞིག་གང་ལ་ཡིན། བསྟན་པ་ཨ་ཉི་ཡིས་བརྗོད་དོན། སྲོལ་རྒྱུན་སྒྱུ་རྩལ་གྱིས་སྐབས་ཤིག་རིང་གཞོན་ནུ་ཚོའི་ཡིད་དབང་འགུག་མ་ཐུབ་པར་མ་ཟད། དེའི་ཐོག་སྦྱོང་བརྡར་དཀའ་ཚེགས་ཆེ་བ་དང་དུས་ཚོད་མང་པོ་འགོར་བས་རྒྱུན་འཛིན་བྱེད་མཁན་མེད་པའི་གནས་སུ་འཕྲད། དེར་བརྟེན་ཁོང་གིས་སེམས་ཤུགས་ཡོད་རྒུས་ཉེ་འགྲམ་གྱི་མི་རྣམས་འཁྲབ་སྟོན་ནང་ཞུགས་རྒྱུར་སྐུལ་སློང་བྱས་པར་མ་ཟད། ཞིང་ཐང་གི་འགྲམ་དུ་སེང་བྲོ་སྦྱོང་བརྡར་བྱ་རྒྱུ་དེ་ཁོང་གི་རྒྱུན་ལྡན་གྱི་ལས་ཀར་གྱུར་ཡོད། ཕྱིས་སུ་ལོ་ལེགས་ཀྱི་དུས་ཚིགས་དང་དུས་ཆེན་སྐབས། ཁོང་གིས་རང་འགུལ་ངང་སེང་བྲོ་འཁྲབ་ནས་ཡུལ་མི་ཚོར་སྤྲོ་སྣང་སྦྱིན་གྱི་ཡོད་ལ། མི་རབས་སྔོན་མའི་བཀའ་བསྔགས་བློ་ལ་བརྟན་པོར་ངེས་ནས་སེང་བྲོ་རྒྱུན་འཛིན་ཡག་པོ་བྱས་ཏེ། རིམ་གྱིས་ཡུལ་མི་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་དགའ་སྤྲོའི་ལེ་ཚན་ཞིག་ཏུ་གྱུར།         
     སྒྱུ་རྩལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས། བསྟན་པ་ཨ་ཉི་ཡིས་རབས་རྒན་པ་ཚོའི་སེང་བྲོའི་སྟངས་སྟབས་ནི་དལ་ཞིང་ལྷོད་ལ། གཞོན་པ་ཚོས་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་གསར་གཏོད་བྱས་ཏེ། སྟངས་སྟབས་གསར་པ་བསྣན་པར་མ་ཟད། སེང་བྲོའི་གདོང་ལྤགས་ལ་ཡང་ལེགས་བཅོས་བྱས་ཡོད། གསར་སྐྱེས་ཞབས་བྲོ་བ་རྒྱ་མཚོ་ནི་ལོ16ཐོག་སེང་བྲོའི་ཚོགས་པའི་ནང་ཞུགས་པ་དང་ད་བར་ལོ་ལྔ་ཕྱིན་ཞིང་། དཔུང་བས་ཤུགས་ཆེན་འདོན་དགོས་པའི་སེང་མགོ་འཁྲབ་སྟོན་གྱི་འགན་འཁུར་བཞིན་ཡོད། རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔོན་འཁྲབ་སྟོན་དངོས་སུ་མ་བྱས་གོང་དུ། ཁོང་གིས་ཟླ་བ་བརྒྱད་རིང་ལ་སྦྱོང་བརྡར་བྱས། རང་ཉིད་སེང་བྲོར་དགའ་ཞེན་ཆེན་པོ་སྐྱེ་བ་ནི་ཨ་ཕ་དང་སྤོ་བོ་གཉིས་ཀྱང་སེང་བྲོ་འཁྲབ་མཁན་ཡིན་པས་རེད། ད་ཆ་འཁྲབ་སྟོན་ཐེངས་རེར་ཡོང་འབབ་ཁག་གཅིག་ཡོང་བར་མ་ཟད། ཚོགས་པ་ཡང་དུས་ངེས་མེད་དུ་ས་གནས་ཁག་ཏུ་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། 2024ལོར་ཤོ་པ་མདོའི་སེང་བྲོ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་དང་། “མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་བྱེད་པ”དང་ཆེད་དོན་སློབ་ཚན་བཙུགས་པ་བརྒྱུད་རྒྱུན་འཛིན་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ཡོད། ཞབས་བྲོ《གནའ་བོའི་ཤོ་པ་མདོ》ཞེས་པ་གནམ་ལོ་གསར་ཚེས་ཀྱི་དགོང་ཚོགས་ཐོག་འཁྲབ་པ་དང་། “མངོན་མིན་རིག་གནས་ཤུལ་བཞག”བོད་ལྗོངས་འགྲེམས་ཚོགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་པེ་ཅིང་དུ་འཁྲབ་སྟོན་བྱེད་པར་ཞུགས་པས། ཤོ་པ་མདོའི་སེང་བྲོར་མི་རྣམས་ཀྱིས་སྔར་བས་རྒྱུས་མངའ་ཆེ་རུ་ཕྱིན་ཡོད།
ཤེ་པ་མདོའི་སེང་བྲོའི་རྒྱུད་འཛིན་པ་རབས་ལྔ་བ་བསྟན་པ་ཨ་ཉི་ལ་ཐོབ་པའི་གཟི་བརྗིད་དཔང་ཡིག   
     སེང་བྲོ་ཕུད། ཤེ་པ་མདོ་གྲོང་རྡལ་དུ་ད་དུང་རོལ་མངར་ལྡན་པའི་མཐུན་སྒྲིལ་ཏན་ཞིམ་ཡོད། དེའི་ལོ་རྒྱུས་ནི་ཆིང་རྒྱལ་རབས་སྐབས་སུ་བོད་སྡོད་དཔོན་དམག་གིས་ཕྱི་ནས་ཁྱེར་ཡོང་བའི་ཟླ་མཆོད་བག་ལེབ་བཟོ་བའི་གོམས་སྲོལ་བར་དུ་གཏུགས་ཐུབ། སྐབས་དེར་དཔོན་དམག་ཚོས་དུས་ཆེན་ཐེངས་རེར་ཏན་ཞིམ་བཟོས་ནས་ཕ་ཡུལ་དྲན་པའི་གདུང་བ་སེལ་ཞིང་། ལོ་ཟླའི་འགྱུར་ལྡོག་དང་བསྟུན་ནས་བོད་སྡོད་དཔོན་དམག་གིས་ས་གནས་དེ་གའི་མང་ཚོགས་དང་གཉེན་སྒྲིག་བྱས་ནས་བཟོ་ལས་ལག་ཤེས་དེ་མང་ཚོགས་རྣམས་ལ་གནང་། ས་གནས་དེ་གའི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་ལེགས་བཅོས་བྱས་པ་བརྒྱུད། མཐར་ཁྱད་ཆོས་ལྡན་པའི“མཐུན་སྒྲིལ་ཏན་ཞིམ”ཆགས་པར་མ་ཟད། ཆབ་མདོའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས།

ཤོ་པ་མདོ་གྲོང་རྡལ་གྱི་མཐུན་སྒྲིལ་ཏན་ཞིམ་གྱི་རྒྱུན་འཛིན་པ་བུ་ཚེ་རིང་གི་བུ་མོ་དབྱང་ཅན་དཔལ་སྒྲོན་གྱིས་ཟླ་མཆོད་བག་ལེབ་གྱི་བཟོ་རྩལ་ངོ་སྤྲོད་བྱེད་བཞིན་པ།

ཤོ་པ་མདོ་གྲོང་རྡལ་གྱི་མཐུན་སྒྲིལ་ཏན་ཞིམ་གྱི་རྒྱུད་འཛིན་པ་བུ་ཚེ་རིང་གི་ཁྱིམ་དུ་ཉར་ཚགས་བྱས་པའི་ཏན་ཞིམ་བཟོ་ཆས།     
     བུ་ཚེ་རིང་ནི་ཤོ་པ་མདོ་གྲོང་རྡལ་གྱི་མཐུན་སྒྲིལ་ཏན་ཞིམ་གྱི་རྒྱུད་འཛིན་པ་རབས་བཞི་བ་ཡིན་པ་དང་། ཁོང་གི་ཆུང་མ་བློ་བཟང་སྒྲོལ་མའི་ཡང་སྤོ་ནི་ཆིང་རྒྱལ་རབས་དང་འབྲེལ་བ་ཡོད། ཁོ་མོའི་ཡང་སྤོ་ནས་བཟུང་མི་རབས་རེ་རེ་བཞིན་ཟླ་མཆོད་བག་ལེབ་བཟོ་བཞིན་ཡོད། བུ་ཚེ་རིང་ལོ16ལ་སླེབས་སྐབས་ཁོང་གི་ཨ་མ་ཚེ་བསྟན་མདུན་ནས་ཟླ་མཆོད་བག་ལེབ་བཟོ་སྟངས་སྦྱངས་པ་རེད། ཁྱིམ་ནང་ད་དུང་ཏན་ཞིམ་བཟོ་ཆས་དང་། རྫ་ཕོར། གླང་སོའི་རྒྱ་མ། ལྤགས་བཟོས་སྔས་མགོ་སོགས་ལོ་རྒྱུས་ཀྱི་རིག་དངོས་ཉར་ཚགས་བྱས་ཡོད། ཁོ་ཚོས་ད་ལྟའི་བར་དུ་ལོ་གསར་གྱི་དགོང་ཟས་ཟ་བ་དང་། ལྒང་ཞུ་འགེལ་བ། ཙོང་མོག་བཟོ་བ། ཚལ་བསྙལ་བ་སོགས་ཀྱི་གོམས་སྲོལ་སྔར་བཞིན་སོར་འཇོག་བྱས་ཡོད།

ཤོ་པ་མདོ་གྲོང་རྡལ་གྱི་མཐུན་སྒྲིལ་ཏན་ཞིམ་གྱི་རྒྱུད་འཛིན་པ་རབས་བཞི་བ་བུ་ཚེ་རིང་གི་ཁྱིམ་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་རིག་དངོས་སྣ་ཚོགས།     
     ཤོ་པ་མདོ་གྲོང་རྡལ་དུ་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་ཟབ་མོ་མཚོན་པ་ཞིག་ནི་གནའ་བོའི་སྡོང་བོ་དེ་ཡིན་ལ། གནའ་སྡོང་དེས་སྦྱར་པ་དང་རྒྱ་ལྕང་གཉིས་རྩ་བ་སྦྲེལ་ནས་ཡོད། རྒྱ་ལྕང་གིས་བུད་མེད་མཚོན་པ་དང་། སྦྱར་པས་སྐྱེས་པ་མཚོན་གྱི་ཡོད། ཤོ་པ་མདོ་གྲོང་རྡལ་གྱི་དྲིལ་བསྒྲགས་ཨུ་ཡོན་དགའ་མས་ངོ་སྤྲོད་བྱས་པར་གཞིགས་ན། མི་རིགས་མཐུན་སྒྲིལ་སྡོང་བོ་ནི་ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་བཟའ་ཚོ་དང་པོ་དེས་བཏབ་ཅིང་། དེ་རྗེས་མི་རིགས་མི་འདྲ་བ་བཟའ་ཚོ་གཉེན་སྒྲིག་བྱེད་སྐབས་འདིར་ཡོང་ནས་སྨོན་ལམ་འདེབས་པ་དང་། བརྩེ་བ་རྟག་བརྟན་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་ལམ་རྒྱག་པའི་སྲོལ་ཡོད་པས།  དེར་བརྟེན་མཐུན་སྒྲིལ་སྡོང་པོ་དེ་ལ་མི་རིགས“གཉེན་སྒྲིག་སྡོང་བོ”ཡང་ཟེར་གྱི་ཡོད། མིག་སྔར་མི་རིགས་གཉེན་སྒྲིག་ཁྱིམ་ཚང37ཡོད་པ་དང་། 2014ལོར་ཤོ་པ་མདོ་གྲོང་རྡལ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་
གྱི་དཔེ་སྟོན་ཞང་གྲོང”གི་མཚན་སྙན་ཐོབ་པ་རེད།
ཤོ་པ་མདོ་གྲོང་རྡལ་མཐུན་སྒྲིལ་ཐང་ཆེན་ནང་གི་མཐུན་སྒྲིལ་སྡོང་བོ།     
     ཤོ་པ་མདོའི་སེང་བྲོའི་རྔ་སྒྲ་གྲགས་ཆེ་བ་དང་། མཐུན་སྒྲིལ་ཏན་ཞིམ་གྱི་བྲོ་བ་ཞིམ་པ། རྩ་བ་འབྲེལ་པའི་མི་རིགས་མཐུན་སྒྲིལ་སྡོང་བོ་དེ་ཡང་འདབ་ལོ་ལྷུག་པོར་གྲོལ་ནས་སྐྱེ་འཚར་ཡག་པོ་ཡོད། ཁོང་ཚོས་ཐུན་མོང་ཐོག་ས་ཆ་དེའི་ཐོག་བོད་སྡོད་དཔོན་དམག་དང་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རམ་དང་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པར་མ་ཟད། དུས་རབས་གསར་པའི་མི་རིགས་ཁག་གི་བུ་ཕྲུག་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་རོགས་རམ་བྱེད་པའི་མཛའ་གྲོགས་ཟབ་མོ་དེ་བས་མངོན་པ་རེད། རྩ་ཆེའི་རིག་གནས་ཀྱི་རྟགས་མཚན་དེ་དག་ནི་ལོ་རྒྱུས་ཀྱི་ལག་རྟགས་ཤིག་ཡིན་ལ། འབྱུང་འགྱུར་ལ་ཁ་གཏད་པའི་འབྲེལ་ཐག་དེ་བས་ཀྱང་ཡིན། རྒྱུན་མཐུད་སྲུང་སྐྱོང་དང་རྒྱུན་འཛིན་གསར་གཏོད་བཅས་ཀྱི་ཁྲོད་དུ་རྒྱུན་ཆད་མེད་པར་སྐྱེ་འཚར་བྱུང་བ་དང་། ཤོ་པ་མདོའི་ས་གཞིར་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་མུས་རེད།