ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་འཇར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་པ་མང་པོ་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ཏུ་དམག་གཟིགས་མཛད་སྒོར་གཟིགས་པར་ཕེབས་ཡོད། ཁོང་ཚོས་དམག་འཁྲུག་གི་ལོ་ཟླ་བརྒྱུད་ནས་ཚེ་གང་གི་སྤྱིར་བཏང་མིན་པའི་ལོ་ཟླ་དག་བྲང་ཁོག་སྟེང་གི་བྱས་རྗེས་གཟེངས་རྟགས་རེ་རེར་གྱུར།
དེའི་ནང་གི་འཐབ་འཛིང་པ་རྒན་པའི་འཐུས་མི་གཅིག་ནི1941ལོར་དམག་དཔུང་ནང་ཞུགས་ཤིང་། ཏང་ལོ82ཡོད་པའི་ཧྲེན་པིང་ཁྲེན་རེད། ད་ལོར་ལོ99ལ་སླེབས་པའི་དམག་དཔུང་ཞིན་སི་ཅུན་གྱི་འཐབ་འཛིང་པ་རྒན་པ་འདིས་དམག་འཁྲུག་གི་ལོ་ཟླ་ཅི་འདྲ་ཞིག་བརྒྱུད་མྱོང་བ་དང་། ཡུལ་དངོས་སུ་མཛད་གཟིགས་གནང་བར་མྱོང་ཚོར་གང་འདྲ་ཞིག་བྱུང་ཡོད་དམ།

ཟླ9པའི་ཚེས2ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ནང་མ་ཞུགས་གོང་གི་ཉིན་དེའི་དགོང་མོར། བགྲེས་སོང་ཧྲེན་པིང་ཁྲེན་གྱིས་པིར་སྨྱུག་བརྟེན་ནས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡི་གེ་ཆེན་པོ་བཞི་བྲིས།
1938ལོར་ཞུས་ཀྲོའུ་དམག་འཁྲུག་གི་རྗེས་སུ་ཕ་ཡུལ་དགྲ་ལག་ཏུ་ཤོར་བས། ལོ་བཅུ་གཉིས་ལས་སླེབས་མེད་པའི་ཧྲེན་པིང་ཁྲེན་ནང་མི་དང་མཉམ་དུ་གྲོང་གསེབ་ཏུ་བྲོས་ནས། ས་གནས་དེ་གའི་སློབ་གྲྭར་སློབ་སྦྱོང་བྱས། སློབ་གྲྭའི་ནང་ནས་ཧྲེན་པིང་ཁྲེན་གྱིས་སློབ་གྲོགས་ཚོ་དང་མཉམ་དུ་འཇར་འགོག་གླུ་གཞས་ལེན་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་བློ་སྒོ་འབྱེད་པའི་སློབ་གསོ་དང་ལེན་བྱས་པ་རེད།
འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས། ང་ཚོའི་རྒན་ལགས་ཀྱི་རུས་མིང་ཝང་ཡིན་ཞིང་། ཁོང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཧ་ཅང་གསལ་པོ་ཡོད། ཁོང་གིས་ང་ཚོར་ཀྲུང་ཧྭ་མི་རིགས་ནི་ཕུལ་བྱུང་ལོ་རྒྱུས་ལྡན་པའི་རླབས་ཆེན་གྱི་མི་རིགས་ཤིག་རེད། འོན་ཀྱང་ད་ལྟ་འཇར་པན་གྱིས་བཙན་འཛུལ་དང་བརྙས་བཅོས་ཕོག་སྐབས་ངོ་རྒོལ་མ་བྱས་ན་འགྲིག་ཐབས་མེད་ཅེས་བརྗོད་མྱོང་ཡོད། ཁོང་གིས་ང་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དང་། འཇར་པན་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་དང་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ངེས་མེད་རྒོལ་རྡུང་རུ་ཁག་ལ་ཞུགས་ཆོག་པའི་སློབ་གསོ་རྒྱག་གནང་གི་ཡོད་ཅེས་བཤད།
1941ལོར་ལོ་བཅོ་ལྔར་སླེབས་པའི་ཧྲེན་པིང་ཁྲེན་དམག་ནང་དུ་ཞུགས་པ་དང་། 1943ལོར་ཧྲེན་པིང་ཁྲེན་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྗེས་དམག་དཔུང་ཞིན་སི་ཅུན་གྱི་ཧྲི་ཤོག་བཞི་པའི་ཧྲི་པུའུ་དྲག་ཆས་བཟོ་ལས་རུ་ཁག་ཏུ་བཅུག་ནས། ཞུས་ཀྲོའུ་མཐའ་སྐོར་དང་པེང་པུའུ་བྱང་ཤར་སོགས་མཐའ་མཚམས་ས་ཁུལ་དུ་བསྐྱོད་ནས། དྲག་ཆས་དྲིལ་བསྒྲགས་དང་། མང་ཚོགས་སྐུལ་སློང་། འཇར་པན་དང་སྲིད་གཞུང་རྫུན་མའི་དམག་དཔུང་ཐོར་ཞིག་གཏོང་བ་སོགས་དགྲ་བོའི་རྒྱབ་ཕྱོགས་ཀྱི་ལས་འགན་བསྒྲུབས་ཡོད།
འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས《དགྲ་བོའི་རྒྱབ་ཕྱོགས་ཀྱི་རྟེན་གཞིའི་ཁུལ་དུ་བསྐྱོད》ཅེས་པ་ནི་སྐབས་དེར་རྟག་ཏུ་བླངས་པའི་གླུ་གཞས་ཞིག་རེད་ཅེས་བཤད།
ཧྲེན་པིང་ཁྲེན་གྱི་དྲན་གསལ་ལ་དགྲ་བོའི་རྒྱབ་ཕྱོགས་ཀྱི་ལས་དོན་ནི་དམག་འཁྲུག་གི་དུ་ཞག་མེད་ཀྱང་ཛ་དྲག་ཤིན་ཏུ་ཆེ་བའི་སྒྲ་མེད་དམག་འཐབ་ཅིག་རེད། ཁོང་ཚོས་རྟག་ཏུ་དགྲ་བོའི་བཙན་བཟུང་ས་ཁུལ་དུ་བསྐྱོད་ནས། མངོན་གསལ་དོད་པའི་འཇར་འགོག་སྦྱར་ཡིག་ལྕགས་ལམ་རྒྱུད་དང་། མེ་འཁོར་བབས་ཚུགས་ཀྱི་གྱང་ངོས། ཐ་ན་མེ་སྒྱོགས་ཐོག་ཁང་གི་མཐའ་འཁོར་བཅས་སུ་སྦྱར་ནས་དགྲ་བོས་དུས་དང་རྣམ་པ་ཀུན་ཏུ་འཇར་འགོག་སྟོབས་ཤུགས་ཚོར་དུ་བཅུག ད་དུང་རྟག་ཏུ་མཚན་མོའི་འགེབས་སྲུང་ལ་བརྟེན་ནས་འཇར་པན་དང་སྲིད་གཞུང་རྫུན་མའི་དམག་དཔུང་རྟེན་གཞིར་འཛུལ་བའམ་ཡང་ན་འཇར་འགོག་གི་འདོད་ཚུལ་དཔར་བའི་བསྒྲགས་ཡིག་ཐབས་མཁས་ངང་སྒར་སར་གཡུག་པའམ་ཡང་ན་དྲིལ་བསྒྲགས་དངོས་རྫས་དལ་བུར་གཙང་ཆུའི་ནང་བཏང་སྟེ། དེ་དག་ཆུ་རྒྱུན་དང་བསྟུན་ནས་དགྲ་བོ་གནས་སར་འཁྱེར་དུ་བཅུག་སྟེ་དགྲ་བོའི་དམག་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག ཧྲེན་པིང་ཁྲེན་གྱིས་ད་དུང་འཇར་པན་གྱི་སྐད་སྦྱངས་ཏེ་རྟེན་གཞིའི་ཁུལ་གྱི་འཇར་དམག་གི་སེམས་ཁམས་ལ་ཤུགས་རྐྱེན་བཟོ་ཐབས་བྱས།

འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས། སྐད་ཆ་མ་བཤད་གོང་ལ་ང་ཚོ་ནི་དམག་དཔུང་ཞིན་སི་ཅུན་གྱི་དམག་མི་ཡིན་ཞེས་སྙན་སེང་རེ་ཞུ་དགོས། དགྲ་བོར་ཐོར་ཞིག་གཏོང་སྐབས། ང་ཚོས་ཁྱེད་དང་སྙིང་གཏམ་བཤད་རེས་བྱེད་འདོད་འདུག ད་ལྟ་ཁྱེད་ཀྱི་ཕ་མ་གཉིས་བདེ་ཐང་ཡིན་ནམ། ཁྱེད་ཀྱིས་ཁྱིམ་ལ་འཕྲིན་ཡིག་བསྐུར་བ་ཡིན་ནམ། ཕ་ཡུལ་དྲན་གྱི་འདུག་གམ་སོགས་དྲི་བ་འདོན་པའི་ཐབས་ཤེས་གཏོང་གི་ཡོད་ཅེས་བཤད།
བགྲེས་སོང་ཧྲེན་པིང་ཁྲེན་གྱིས། སྐད་ཆ་འདི་འདྲར་འབྱོར་བའི་ལན་ནི་རྟག་ཏུ་དགྲ་བོའི་མེ་མདའི་སྒྲ་ཡིན་མོད། འོན་ཀྱང་སྐབས་འགར་མེ་མདའི་སྒྲ་ཡུན་ཐུང་ཞིག་གྲགས་རྗེས་གནས་སྐབས་ལྷིང་འཇགས་སུ་གྱུར། སྐབས་དེར་ངའི་སེམས་ནང་། ཁུ་སིམ་མེར་བསྡད་པ་ནི་སྐབས་འགར་སེམས་ཁམས་ལ་གཡོ་འགུལ་འགྲོ་འགོ་བརྩམས་པ་ཞིག་རེད་སྙམ་སྟེ། གདེང་ཚོད་དེ་བས་ཆེ་རུ་འགྲོ་གི་འདུག་ཅེས་བཤད།
འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས། དགྲ་བོ་ཁ་ཤས་ཀྱིས་དེ་དག་ཉན་རྗེས་ལན་མི་རྒྱག་པར་ང་ཚོས་བཤད་པར་ཉན་ནས་སྡོད་ཀྱི་ཡོད། ངའི་བསམ་པར་ལན་མི་རྒྱག་པ་ནི་ཁོང་ཚོས་དེ་དག་དང་ལེན་བྱས་པ་ཞིག་རེད་སྙམ་གྱི་འདུག ཁོང་ཚོས་ཕ་ཡུལ་དྲན་གྱི་ཡོད་ལ། དམག་བརྒྱབ་ན་ཉེན་ཁ་ཡོད་པའི་ཁར་མདུན་ལམ་ཡང་མེད་པ་ཤེས་ཀྱི་ཡོད་པས་ང་ཚོའི་སློབ་གསོ་དང་ལེན་བྱེད་ཀྱི་ཡོད་ཅེས་བཤད།
མི་དེ་བས་མང་བ་སྐུལ་སློང་གིས་ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་དགྲ་བོར་འགོག་རྒོལ་བྱ་ཆེད། ཁོང་དང་རུ་གྲོགས་ཚོས་ད་དུང་དམིགས་བསལ་གྱི“སྐྱ་རེངས་འགུག་བརྡ་གཏོང་བའི”ཐབས་ཇུས་ཤིག་འཚོལ་ཞིབ་བྱས་ཤིང་། ཉིན་ལྟར་ནམ་མ་ལངས་གོང་དུ་དགྲ་བོའི་དོགས་ཟོན་རང་བཞིན་ཅུང་ཞན་པའི་སྐབས་དང་བསྟུན་ནས། ཁོང་ཚོས་གྲོང་ཚོའི་འགྲམ་གྱི་གྱང་བརྒྱུད་ནས་སྐད་ཆུང་ངུས“ནམ་ལངས་རན་འདུག མུན་ནག་ཡུན་རིང་གནས་མི་སྲིད”ཅེས་སྐད་བརྒྱབ།
འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས། ང་ཚོའི་རུ་ཁག་གཅིག་ཚོགས་ཆུང་ཁ་ཤས་ལ་བགོས་ནས། ཁྱེད་ཀྱིས་སྲང་ལམ་ཕ་གིར་བསྐྱོད་པ་དང་ངས་ལམ་འདིར་འགྲོ་དགོས་ཀྱི་ཡོད། ང་ཚོས་མང་ཚོགས་ཚང་མ་སྙིང་སྟོབས་རབ་འཕེལ་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་འཇར་འགོག་མཐའ་གཅིག་ཏུ་བྱ་ཆེད། ང་ཚོ་ཚང་མས་འབད་བརྩོན་བྱས་ན། ང་ཚོའི་མདུན་ལམ་ནི་འོད་ཟེར་ལྡན་པ་ཞིག་ཡིན་ལ། ཀྲུང་གོ་ཡང་རྒྱལ་ཁ་ཐོབ་ངེས་རེད་ཅེས་སྐུལ་སློང་བྱེད་ཀྱི་ཡོད་ཅེས་བཤད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཧྲེན་པིང་ཁྲེན་ལ་སྔ་རྗེས་སུ་བཅིངས་འགྲོལ་གཟེངས་རྟགས་དང་རང་བརྟེན་བྱས་རྗེས་གཟི་བརྗིད་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད། ད་ཆ་སྔོན་ཆད་ཀྱི་དམག་འཁྲུག་གི་ལོ་ཟླ་ཕྱིར་དྲན་བྱེད་སྐབས། བགྲེས་སོང་ཁོང་གིས། གསར་བརྗེའི་རྒན་རབས་པ་གྲངས་མེད་ཀྱིས་རང་སྲོག་བློས་བཏང་བས་གཞི་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བྱུང་ཡོད། ང་ཚོས་ཞི་བདེར་གཅེས་སྤྲས་བྱེད་དགོས་མོད། འོན་ཀྱང་ཞི་བདེ་གནམ་ནས་ཟགས་སྲིད་པའི་སྟོང་བསམ་འཆང་མི་རུང་ཞེས་མྱོང་ཚོར་ཟབ་མོས་བཤད།

འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧྲེན་པིང་ཁྲེན་གྱིས། ང་ཚོའི་ཀྲུང་གོ་གསར་པའི་རྒྱལ་ཁ་ནི་ཐོག་མར་ང་ཚོ་སྔོན་གཤེགས་དཔའ་བོ་འདི་དག་གིས་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་བརྟེན་ནས་བརྩོན་ལེན་བྱས་པ་ཞིག་རེད། ཁོང་ཚོ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཀ་རྟེན་ལྟ་བུ་རེད། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་དགོས་པ་དང་། ཞི་བདེ་བརྩོན་ལེན་དང་ཞི་བདེར་དགའ་ཞེན་བྱེད་དགོས། དེ་ཡང་དགའ་ཞེན་ཁོ་ནས་མི་འགྲིག་ལ། མཐུན་ཐབས་ཁོ་ནས་ཞི་བདེ་ཡོང་བའི་སྨོན་ལམ་ཡང་འདེབས་མི་རུང་བར་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་ཡོད་དགོས། ང་ཚོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། ང་ཚོའི་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལ། ང་ཚོའི་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཡང་ཟབ་ཏུ་ཕྱིན་ཡོད། འདི་ནི་ང་ཚོའི་སྟོབས་ཤུགས་གནས་ས་དང་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་ཡིན་ཞེས་བཤད།