“ལོ་ཚད་ཀྱི་ཚད་གཞི་ལོ35མན་རེད”ཅེས་པ་འདི་ནི་ཁེ་ལས་མང་པོ་ཞིག་གིས་གདན་ཞུའི་སྤྱི་བསྒྲགས་ནང་བཀོད་པའི་འགྱུར་མེད་ཀྱི་བླང་བྱ་ཞིག་རེད། འོན་ཀྱང་ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་ཚོའི་ངོས་ནས་བརྗོད་ན། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ལས་ཀའི་འཇོན་ཐང་ཆེན་པོ་ལྡན་རུང་། གདན་ཞུའི་ཁེ་ལས་ཀྱི་ལོ་ཚད་ཀྱི་ཚད་བཀག་མདུན་དུ་ག་བྱེད་འདི་བྱེད་མེད་པར་འགྱུར་གྱི་ཡོད།
ཉེ་བའི་ལོ་ཤས་ཀྱི་རིང་ལ། གདན་ཞུའི་ལོ་ཚད་ལོ35ཡི་ཚད་བཀག་མེད་པ་བཟོ་རྒྱུའི་སྐོར་གྱི་འབོད་སྐུལ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། འབྲེལ་ཡོད་མི་སྣས། ལོ35ཡི་ལས་གནས་ཀྱི་ཚད་བཀག་དེ་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་རྒྱབ་འགལ་དུ་ཕྱིན་ནས། ལས་ཞུགས་ཁྲོམ་ར་ནང་འདྲིལ་དང་ཤེས་ལྡན་མི་སྣ་འཕྲོ་བརླག་དང་ཆད་ཉེན་ཡོད་ཅེས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཁེ་ལས་ཁག་གཅིག་གིས་གདན་ཞུ་བྱེད་སྐབས་ལོ་ཚད་ཀྱི་ཚད་གཞི་ལྷུག་ཏུ་བཏང་ཡོད་ཅིང་། ཁེ་ལས་ཀྱི་བཅར་འདྲི་དང་ལེན་བྱེད་མཁན་ཞིག་གིས“ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་གྱི་ཉམས་མྱོང་དང་འཇོན་ཐང་ལ་དེ་བས་མཐོང་ཆེན་བྱེད་པ་དང་ཆབས་ཅིག གདན་ཞུའི་ལོ་ཚད་ཀྱི་ཚད་བཀག་ལྷུག་ཏུ་གཏོང་བའམ་ཡང་ན་མེད་པ་བཟོ་རྒྱུའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འདོན་བཞིན་ཡོད”ཅེས་བཤད།
ལུགས་མཐུན་མིན་པའི་ལས་ཞུགས་ཀྱི་ཚད་བཀག་དང་མཐོང་ཆུང་མེད་པ་བཟོ་བར་ད་དུང་དཀའ་ཁག་གང་དག་ལས་སྒྲོལ་དགོས་སམ་ཞེ་ན། ང་ཚོ་མཉམ་དུ་ལྟ་རུ་འགྲོ།
01 ལོ35དེ་གདན་ཞུའི་ཚད་གཞིར་འཛིན་དོན་གང་ཡིན་ནམ།
ལོ39ལ་སླེབས་པའི་སྐུ་ཞབས་ཅིན་ལགས་ཀྱིས་ཧྲང་ཧའེ་རུ་དྲ་སྦྲེལ་རོལ་རྩེད་གསར་སྤེལ་བྱེད་བཞིན་ཡོད་ཅིང་། ན་ནིང་ཟླ6པ་ནས་ད་ལོའི་དཔྱིད་དུས་གདན་ཞུའི་བར། ཁོང་གིས་ལོ་རྒྱུས་མདོར་བསྡུས་བརྒྱ་ཕྲག་ཁ་ཤས་ཕུལ་ཡོད་མོད། འོན་ཀྱང་ལོ་ཚད་ཀྱི་ཚད་བཀག་གིས་རྐྱེན་པས་ལོ་རྒྱུས་མདོར་བསྡུས་མང་ཆེ་བ་ཕན་མེད་དུ་གྱུར་ཡོད། “ལས་ཀ་ཁ་ཤས་རང་ཉིད་དང་འཚམ་པོ་མིན་འདུག འོན་ཀྱང་གཙོ་བོ་ལོ་ཚད་ཀྱི་གནད་དོན་རེད།
ལོ35ནི་གདན་ཞུའི་ཚད་གཞི་ཙམ་མ་ཟད། ཁེ་ལས་ཀྱི་རྣམ་གྲངས་ལ་འགྱུར་ལྡོག་གཏོང་བ་དང་མཇུག་ལུས་ཕྱིར་འབུད་བྱེད་པ་སོགས་ཚང་མར་ལོ35ཡན་གྱི་ལས་མི་དག་དང་ཐོག་ཚོད་ལྟ་བྱ་ཡུལ་དུ་འགྱུར་ཡོད”ཅེས་སྐུ་ཞབས་ཅིན་ལགས་ཀྱིས་བཤད།
ཁེ་ལས་ཀྱིས་གདན་ཞུའི་ནང་ལོ་ཚད་ཀྱི་ཚད་བཀག་བཟོ་དགོས་དོན་གང་ཡིན་ནམ། ཀྲུང་གོ་མི་དམངས་སློབ་ཆེན་ངལ་རྩོལ་མི་དོན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ལི་ཡུས་ཧུའེ་ཡིས། ཁེ་ལས་ཀྱིས“ལང་ཚོའི་ཁེ་ཕན”དོན་གཉེར་བྱེད་པ་ནི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
“སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གཞོན་ནུ་ཚོའི་ཤེས་བྱའི་གྲུབ་ཆ་གསར་བརྗེས་དེ་བས་མགྱོགས་པ་དང་སློབ་སྦྱོང་གི་ཀུན་སློང་དང་སློབ་སྦྱོང་གི་ནུས་པ་དེ་བས་ཆེ་བ་ཡོད་པས། ལག་རྩལ་རིམ་འཇུག་དང་ལས་རིགས་ཀྱི་དགོས་མཁོ་མགྱོགས་མྱུར་གསར་བརྗེས་དང་དེ་བས་འཚམ་མཐུན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁེ་ལས་ཀྱིས་ཤེས་ལྡན་མི་སྣ་འཆར་འགོད་བྱེད་སྐབས་གཞོན་ནུ་གསོ་སྐྱོང་ཐད་དེ་བས་ཕྱོགས་ནས་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ཁེ་ལས་ཀྱིས་གདན་ཞུ་བྱེད་སྐབས་ལོ་ཚད་དེ་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ན་ཁེ་ལས་ལ་གདན་ཞུའི་ལྷུ་ཚིགས་ཐད་ཀྱི་འོས་མིའི་ཁྱབ་ཁོངས་ཇེ་ཆུང་དུ་གཏོང་རོགས་དང་། གདན་ཞུའི་མ་གནས་ཆུང་དུ་གཏོང་རོགས་བྱེད་ཐུབ”ཅེས་ལི་ཡུས་ཧུའེ་ཡིས་བཤད།
པེ་ཅིང་གྲོང་ཁྱེར་ལན་ཐའེ་ཁྲིམས་རྩོད་པའི་ལས་དོན་ཁང་གི་མཐོ་རིམ་མཉམ་གཉེར་བ་ཁྲེང་དབྱང་གིས། ཁེ་ལས་ཀྱིས་ལོ་ཚད་ཀྱི་ཚད་གཞི་བཟོ་དོན་ནི་ཕྱོགས་གཅིག་ནས་གཞུང་ཞབས་པ་དང་གཞུང་ཁོངས་ཁེ་ལས་གདན་ཞུའི་ཁྲོད་ཀྱི་ལོ་ཚད་ཀྱི་ཚད་བཀག་ཐད་དཔེ་སྟོན་གྱི་ནུས་པ་ཐོན་པ་དང་། ཕྱོགས་གཞན་ཞིག་ནས་ལས་མི་སྤྱོད་པའི་མ་གནས་ཚོད་འཛིན་བྱ་ཆེད་ཡིན་པ་སྟེ“ལོ་ན་ཆེ་བའི་ངལ་རྩོལ་པར་གླ་ཆ་དེ་བས་མཐོ་བ་དང་། སྨན་བཅོས་ཀྱི་འགྲོ་སོང་དེ་བས་མང་བ། རྒན་ཡོལ་ཞུས་པའི་ཕན་བདེའི་མ་གནས་དེ་བས་མཐོ་བ་བཅས་སྤྲོད་དགོས་སྲིད་པས་རེད”ཅེས་བཤད།
02 གདན་ཞུ་ཁག་གཅིག་ནང་ལོ35ཡི་ལོ་ཚད་ཀྱི་ཚད་བཀག་མེད་པ་བཟོ་འགོ་ཚུགས་པ།
གསར་འགོད་པས་དོ་སྣང་བྱུང་བར། ལོ35ཡི་ལས་ཞུགས་ལོ་ཚད་ཀྱི་ཚད་བཀག་མེད་པ་བཟོ་རྒྱུ་དེ་གདན་ཞུའི་སྤྱི་བསྒྲགས་ཁག་གཅིག་ནང་མངོན་འགོ་ཚུགས་པ་སྟེ། ཧྲན་ཏུང་དང་། ཤིན་ཅང་། ཀུའེ་ཀྲོའུ་སོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བྱ་གཞག་ཚན་པའི་གདན་ཞུའི་སྤྱི་བསྒྲགས་ནང་། ལས་གནས་ཁག་གཅིག་གི་ལོ་ཚད་ལོ45མན་བར་ལྷུག་ཏུ་བཏང་བ་དང་། པེ་ཅིང་གི་གཞུང་ཁོངས་རིག་གནས་ཚན་རྩལ་ཁེ་ལས་ཤིག་གི་གདན་ཞུའི་ལོ་ཚད་ཀྱི་ཚད་གཞི་ལོ45མན་ཡིན་པ། ལེའོ་ཉིང་ཨན་ཧྲན(རྒྱལ་ཁབ)མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱིས་ཁྱབ་བསྒྲགས་བྱས་པའི་ཁེ་ལས་ཀྱི་གདན་ཞུའི་སྤྱི་བསྒྲགས་ལས་མངོན་པར། ལོ་ཚད་ཀྱི་ཚད་བཀག་ལོ45མན་བར་ལྷུག་ཏུ་བཏང་བ་སོགས་རེད།
གདན་ཞུའི་སྤྱི་བསྒྲགས་ཁྲོད་ཀྱི་ལོ་ཚད་ཀྱི་ཚད་བཀག་ལྷུག་ཏུ་གཏོང་རྒྱུ་དོན་འཁྱོལ་བྱེད་པ་ཕུད། འབྲེལ་ཡོད་བསམ་འཆར་ནང་དུའང་ལས་ཞུགས་ཀྱི་མཐོང་ཆུང་མེད་པ་བཟོ་དགོས་ལུགས་ཁ་གསལ་བཏོན་ཡོད་ཅིང་། ན་ནིང་ཟླ9པར་ཁྱབ་བསྒྲགས་བྱས་པའི《ལས་ཞུགས་སྔོན་འཇོག་འཐབ་ཇུས་ལག་ལེན་བསྟར་ནས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་། འདྲ་མཉམ་ལས་ཞུགས་ཀྱི་ཁེ་དབང་འགན་སྲུང་བྱས་ནས། ས་ཁོངས་དང་། ཐོབ་ཐང་། ཕོ་མོ། ལོ་ཚད་སོགས་འདྲ་མཉམ་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་ལུགས་མཐུན་མིན་པའི་ཚད་བཀག་དང་ལས་ཞུགས་ཀྱི་མཐོང་ཆུང་མེད་པ་བཟོས་ཏེ། སྤྱི་ཚོགས་འཁོར་སྐྱོད་ཀྱི་ཐབས་ལམ་ཤར་གཏོང་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
ད་ལོའི་ཟླ་དང་པོར། སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་གིས《ལས་ཞུགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་ནས། བྱ་གཞག་ཚན་པས་གདན་ཞུའི་ལོ་ཚད་ཀྱི་ཆ་རྐྱེན་ལྷུག་ཏུ་འོས་འཚམ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཁེ་ལས་ཀྱིས་ལས་མི་སྤྱོད་པའི་ལོ་ཚད་ཀྱི་ཚད་བཀག་ལྷུག་ཏུ་གཏོང་རྒྱུར་སྐུལ་མ་གཏོང་དགོས་ལུགས་བཏོན་ཡོད།
03 ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་དང་ལེན་བྱེད་ཚད་མཐོ་རུ་གཏོང་བ།
ཁེ་ལས་ཀྱི་གདན་ཞུའི་ལོ་ཚད་ཀྱི་ཚད་བཀག་ལས་ལོ་ན་རྒན་པའི་ལས་ཀ་འཚོལ་མཁན་ཚོགས་སྤྱིའི་ལས་ཞུགས་ཀྱི་སེམས་ཁྲལ་ཆེ་རུ་ཕྱིན་ནས་ཁོང་ཚོའི་ལས་རིགས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་ཚད་བཀག་བཟོས་ཡོད་ཅིང་། ལི་ཡུས་ཧུའེ་ཡིས། ལས་ཀ་འཚོལ་མཁན་དར་མ་ཚོར་དཔལ་འབྱོར་གྱི་གནོན་ཤུགས་འཕྲད་སྐབས་དེའི་ལས་ཤོར་གྱི་ཉེན་ཁ་ལས་ཁྱིམ་ཚང་ལ་བརྟན་ལྷིང་མེད་པའི་གནད་དོན་ཐོན་སྲིད་པ་མ་ཟད། ཐ་ན་སྤྱི་ཚོགས་ཀྱི་སེམས་ཁྲལ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ལས་ཞུགས་ལོ་ཚད་ཀྱི་ཚད་བཀག་གཏོར་བར་ནུས་པ་ཇི་ལྟར་འདོན་དགོས་སམ། ཁྲེང་དབྱང་གིས། མིག་སྔར། ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་ནང་མི་རིགས་དང་། རིགས་རྒྱུད། ཕོ་མོ། ཆོས་དད་བཅས་ལ་མཐོང་ཆུང་བྱེད་མི་ཆོག་པ་ཁོ་ན་དཔེ་བཞག་ཡོད་པ་ལས་ལོ་ཚད་དེ་ཁྲིམས་གཏན་འཁེལ་བའི་མཐོང་ཆུང་གཏན་འགོག་གི་རྒྱུ་རྐྱེན་གྱི་གྲས་སུ་གསལ་པོ་བཀོད་མེད་ཅེས་བཤད།
ཁྲེང་དབྱང་གིས། “ལོ་ཚད་ཀྱི་ཚད་བཀག་མེད་པ་བཟོ་དགོས་ཚེ། ཁྲིམས་འཛུགས་ཀྱི་ངོས་ནས་ལོ་ཚད་ཀྱི་མཐོང་ཆུང་བྱེད་མི་ཆོག་པ་གསལ་པོ་འགོད་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འདོན་པ། མཐོང་ཆུང་ངོས་འཛིན་གྱི་ཚད་གཞི་དང་དེ་བཞིན་ཆད་གཅོད་བྱེད་ཐབས་སོགས་གཏན་འཁེལ་བྱེད་དགོས”ཞེས་བཤད།
ཁྲེང་དབྱང་གིས། ཁྲིམས་འཛིན་ཐད་མཛུབ་ཁྲིད་རང་བཞིན་གྱི་གྱོད་དཔེའི་གཅིག་གྱུར་གྱི་ཁྲིམས་གཅོད་ཚད་གཞི་ཁྱབ་བསྒྲགས་བྱས་ནས། ཁྲིམས་བཀོད་ཐོབ་ཐང་གི་བླང་བྱ་ལས་བརྒལ་བའི་ལོ་ཚད་ཀྱི་ཚད་བཀག་ཚང་མ་ནུས་མེད་ཡིན་པ་ཁ་གསལ་བཟོ་བ་དང་ཆབས་ཅིག ངལ་རྩོལ་པའི་དཔང་འདོན་དཀའ་ངལ་ཇེ་ཆུང་དུ་བཏང་སྟེ། ཁེ་ལས་ལ་ལོ་ཚད་ཀྱི་ཚད་བཀག་གི་ལུགས་མཐུན་རང་བཞིན་ཐད་བདེན་དཔང་གི་འགན་འཁྲི་འཁུར་དགོས་པའི་བླང་བྱ་བཏོན་དགོས་པ་དང་། སྲིད་འཛིན་དོ་དམ་ཐད་ལོ་ནར་མཐོང་ཆུང་བྱེད་པ་དེ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྱབ་ཁོངས་སུ་བཅུག་ནས། གདན་ཞུའི་བརྡ་ཁྱབ་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ་སྒྲིག་འགལ་ཁེ་ལས་ཡོངས་བསྒྲགས་བྱེད་པ་དང་འབྲེལ་ཆད་པ་གཅོད་དགོས་པའི་གྲོས་འགོ་བཏོན་ཡོད།
ལི་ཡུས་ཧུའེ་ཡིས། “སྲིད་ཇུས་ཀྱི་ཁྲིད་སྟོན་བྱས་པ་བརྒྱུད། ཁེ་ལས་ཀྱིས་གདན་ཞུའི་ལོ་ཚད་ཀྱི་ཚད་བཀག་མེད་པ་བཟོ་རྒྱུར་སྐུལ་མ་གཏོང་དགོས་པ་སྟེ། དཔེར་ན་སྲིད་གཞུང་གིས་སྣེ་ཁྲིད་ནས་ཁྲལ་བསྡུའི་གཟིགས་སྐྱོང་དང་ཁ་གསབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁེ་ལས་ཀྱིས་ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་གདན་ཞུ་དང་གསོ་སྐྱོང་བྱེད་པར་ལྕག་སྐུལ་བྱེད་པ་དང་། སྤྱི་ཚོགས་དང་ཁེ་ལས་ཀྱིས་ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་དང་ལེན་བྱེད་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱིས་འཇོན་ཐང་གཙོ་བོར་འཛིན་པའི་དཔྱད་དཔོག་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། དཔེར་ན་རྩལ་ནུས་ཚད་ལེན་དང་རྣམ་གྲངས་ཀྱི་ཉམས་མྱོང་སོགས་ཀྱིས་ལོ་ཚད་ཀྱི་གདམ་གའི་ཚབ་བྱེད་པ་དང་ཆབས་ཅིག ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་ཚོར་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་མཁོ་འདོན་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་འཚམ་མཐུན་ཡོང་རོགས་བྱེད་དགོས”ཞེས་བཤད།
ལི་ཡུས་ཧུའེ་ཡིས། ཁེ་ལས་ཀྱིས་དཔེར་ན་རྒྱང་རྟེན་ལས་སྒྲུབ་སོགས་ཀྱི་དེ་བས་སྟབས་བསྟུན་གྱི་ལས་བཟོ་སྤྱོད་སྟངས་འཚོལ་ཞིབ་བྱས་ནས། ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་ཚོར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཆོག་པ་དང་། “སྤྱི་ཚོགས་ཀྱི་འདུ་ཤེས་འགྱུར་བར་སྔར་བས་ཁྲིད་སྟོན་བྱས་ནས། ལོ་ན་ཆེ་བའི་ལས་ཀ་འཚོལ་མཁན་ཚོར་འཛིན་པའི་འགྱུར་མེད་ཀྱི་བག་ཆགས་མེད་པ་བཟོས་ཏེ། སྣ་མང་ཅན་གྱི་ཤེས་ལྡན་མི་སྣའི་ལྟ་བ་དར་སྤེལ་གཏོང་དགོས། ངལ་རྩོལ་པས་ཀྱང་རང་འགུལ་ངང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ནས། གསར་དར་ལག་རྩལ་ཤེས་རྟོགས་བྱེད་པ་དང་། ཆེད་ལས་རྩལ་ནུས་བརྟན་དུ་གཏོང་བ། རང་གི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་ཞུགས་ཐད་ལོ་ནར་མཐོང་ཆུང་བྱེད་པ་སོགས་དྲང་གཞག་མིན་པའི་ཐོབ་ཐང་འཕྲད་སྐབས་རང་ངོས་ཀྱི་ཁེ་དབང་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པའི”གྲོས་འགོ་བཏོན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།