ཚེས10ཉིན། པེ་ཅིང་དང་། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་ས་ཁུལ་གྱི་མཐོ་རྒྱུགས་ཀྱི་ཉིན་མཐའ་མའི་རྒྱུགས་ལེན་མཇུག་འགྲིལ་བ་དང་བསྟུན་ནས2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་འགྲིལ་ཡོད།
ཡིག་རྒྱུགས་མཇུག་འགྲིལ་རྗེས། རེ་འདུན་རེའུ་མིག་ག་དུས་འགོད་དགོས་པ་དང་། རྒྱུགས་སྤྲད་ཚར་རྗེས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ་ཞེ་ན། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ནས་ངེས་པར་དུ་ཤེས་དགོས་པ་ནི། སྐར་འབྲས་འདྲི་རྩད་དུས་ཚོད་དང་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་སྔ་ཕྱིར་ཁྱབ་བསྒྲགས་བྱེད་བཞིན་ཡོད།
མིག་སྔར། ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད།
དེ་ཡང་། ཧོ་ནན་གྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས26ཉིན་ནས་འགོ་འཛུགས་རྒྱུ་དང་། སྤྱིར་བཏང་དངོས་གཞིའི་ཚན་ཁག་དང་སྒྱུ་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས30ཉིན་ནས་ཟླ7པའི་ཚེས3ཉིན་བར་ཡིན། སྤྱིར་བཏང་མཐོ་རིམ་ལས་རིགས་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ7པའི་ཚེས5ཉིན་ནས་ཟླ7པའི་ཚེས7ཉིན་བར་ཡིན།
ཧུའུ་ནན་གྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས26ཉིན་ནས་འགོ་འཛུགས་རྒྱུ།
ཧྲན་ཞི་ཡིས་ཟླ6པའི་ཚེས27ཉིན་ནས་བཟུང་རྒྱུགས་སྤྲོད་སློབ་མ་སྒྲིག་འཛུགས་བྱས་ནས་རེ་འདུན་རེའུ་མིག་འགོད་རྒྱུ།
ཀུའེ་ཀྲོའུ་ཡི་རེ་འདུན་རེའུ་མིག་འགོད་པའི་ལས་དོན་དེ་ཟླ6པའི་ཚེས28ཉིན་ནས་ཟླ7པའི་ཚེས2ཉིན་བར་སྤེལ་རྩིས་ཡོད།
ཧྲན་ཏུང་གི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས29ཉིན་ནས་འགོ་འཛུགས་རྒྱུ།
ཨན་ཧུའེ་ཡི་སྤྱིར་བཏང་དངོས་གཞིའི་ཚན་ཁག་གི་དྲ་ཐོག་ནས་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ7པའི་ཚེས4ཉིན་ནས་ཟླ7པའི་ཚེས7ཉིན་བར་ཡིན།དེ་དང་ཆབས་ཅིག ས་གནས་མང་པོ་ཞིག་གིས་སྐར་འབྲས་འདྲི་རྩད་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད་དེ།
ཨན་ཧུའེ་དང་། ཧྲན་ཞི། ཀུའེ་ཀྲོའུ། ཅི་ལིན། ཅང་ཞི། བོད་ལྗོངས་སོགས་ཀྱིས་སྔོན་དཔག་བྱས་ན་ཟླ6པའི་ཚེས25ཉིན་ཡས་མས་སུ་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད། ཧྲན་ཏུང་གིས་ཟླ6པའི་ཚེས26ཉིན་གྱི་གོང་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཤིན་ཅང་གིས་སྔོན་དཔག་བྱས་ན་ཟླ6པའི་ཟླ་མཇུག་གོང་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད།
ལོ་ལྟར་མཐོ་རྒྱུགས་སྐབས། ངན་པའི་ཚོགས་ཁག་གམ་ཁྲིམས་འགལ་བ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་ཁ་བསླུས་རྒྱག་པའི་གོ་སྐབས་འཚོལ་གྱི་ཡོད། དེའི་ཐད། ཞིང་ཆེན་མང་པོ་ཞིག་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་མགོ་སྐོར་ལ་དོགས་ཟོན་བྱེད་དགོས་པ་དང་། གཞུང་ཕྱོགས་མིན་པའི་སྟེགས་བུ་བརྒྱུད་ཁྱབ་བསྒྲགས་བྱས་པའི་དོན་དངོས་མིན་པའི་ཆ་འཕྲིན་དང་གྲོན་དངུལ་མཐོ་པོ་ལེན་པའི་རེ་འདུན་རེའུ་མིག་འགོད་རོགས་བྱེད་མཁན་གྱི་སྒྲིག་གཞིར་ཡིད་ཆེས་བྱེད་མི་རུང་སྟེ། མགོ་སྐོར་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།