མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་ཨའི་ཉོ་ཚོང་སྐོར་གྱི་ལན་ཆ་གསར་ཤོས།

2025-04-16

     ཟླ4པའི་ཚེས14ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2025ལོའི་དུས་ཚིགས་དང་པོའི་ཕྱིར་གཏོང་ནང་འདྲེན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཉེ་དུས་ཀྱི་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་དུས་བབ་སྐོར་ལ་དྲི་བ་བཏོན་ཡོད་པ་རེད། 

     འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འགོ་འཛིན་གཞོན་པ་ཝང་ལིང་ཅུན་གྱིས། ཟླ4པའི་ཚེས9ཉིན། ཀྲུང་གོ་སྲིད་གཞུང་གིས་ཀྲུང་ཨ་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པའི་དོན་དངོས་དང་གྲངས་གཞི་འབོར་ཆེན་ལས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། དཔལ་འབྱོར་ཆོས་ཉིད་ཀྱིས་ནུས་པ་ཐོན་པའི་གྲུབ་འབྲས་ཤིག་ཡིན་ཞིང་།    ནང་སྐྱེའི་སྒུལ་ཤུགས་ཆེན་པོ་ལྡན་པ་ར་སྤྲོད་ཐུབ་ཡོད། ད་ལོའི་དུས་ཚིགས་དང་པོར། ཨ་རི་སྲིད་གཞུང་གིས་སྒོ་ཁྲལ་གང་བྱུང་སྤར་བའི་ཐེ་ཇུས་དང་བརྡབ་གསིག་ཕོག་ནའང་། ཀྲུང་ཨ་ཉོ་ཚོང་ད་དུང་འཕར་སྣོན་རྒྱུན་འཁྱོངས་ཐུབ་ནས་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.11ཟིན་ཏེ4%འཕར་ཡོད།   ཨ་རིས་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཀྲུང་གོ་ཚུད་པའི་ཉོ་ཚོང་རོགས་ཟླ་ཚང་མར་སྒོ་ཁྲལ་གང་བྱུང་དུ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོ་དང་ཨ་རི་ཚུད་པའི་གོ་ལ་ཧྲིལ་པོའི་ཉོ་ཚོང་ལ་གཡོལ་ཐབས་མེད་པའི་ཤུགས་རྐྱེན་ངན་པ་བཟོས་ཡོད། ཨ་རིའི་འདྲ་མཚུངས་སྒོ་ཁྲལ་ཟེར་བ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་མགོ་རྟིང་སློག་ནས་ཨ་རིའི་ཁེ་ཕན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ཐོག་འཇོག་བསམ་པ་ནི་སྒོ་ཁྲལ་ཧམ་ཤེད་ཀྱི་བྱ་སྤྱོད་མངོན་གསལ་དོད་པོ་ཞིག་ཡིན་ཞིང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་། སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་གནོད་འཚེ་ཚབས་ཆེན་བཟོས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་སྲོལ་གྱི་བརྟན་ལྷིང་ལ་ཕོག་ཐུག་ཚབས་ཆེན་བཏང་བ་བཅས་རེད། ཉོ་ཚོང་འགལ་ཟླར་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་འགྲོ་ལམ་མེད། ཨ་རི་སྲིད་གཞུང་གི་བྱ་སྤྱོད་ལ་སྤྱིར་གོ་ལ་ཧྲིལ་པོ་ཡོངས་ཀྱིས་ངོ་རྒོལ་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་རྒོལ་ལན་སློག་པའི་བཀག་སྡོམ་བྱ་ཐབས་མཐའ་གཅིག་ཏུ་བཟུང་བ་མ་ཟད། ཕྱོགས་ཁག་དང་མཉམ་དུ་ཨ་རིའི་སྒོ་ཁྲལ་གྱི་བཙན་དབང་དང་ཧམ་ཤེད་བྱ་སྤྱོད་ལ་མུ་མཐུད་ངོ་རྒོལ་བྱས་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་བྱ་སྤྱོད་འཕྲལ་མར་ཡོ་བསྲང་བྱས་ནས་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་བརྒྱུད་ཉོ་ཚོང་ཕྱོགས་འགལ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག