ཉེ་ཆར། པེ་ཅིང་གྲོང་ཁྱེར་གྱིས་མཉམ་སྤྱོད་རྐང་འཁོར་ཁག་དང་པོ་སྒྲིག་འགལ་ངང་བཞག་མཁན་319ཡི་མིང་ཐོ་ཡོངས་བསྒྲགས་བྱས་ཡོད་ཅིང་། འབྲེལ་ཡོད་མཉམ་སྤྱོད་རྐང་འཁོར་ཁེ་ལས་ཀྱིས་ཁོང་ཚོར་ཁ་པར་ནང་བརྡ་བཏང་བ་མ་ཟད། པེ་ཅིང་ཡང་ཤིས་ཨན་དང་ཧྲེན་ཀྲེན་དང་མཉམ་དུ་མཉམ་སྤྱོད་རྐང་འཁོར་གྱི་"་མིང་ཐོ་ནག་པོ་"་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།
ཁ་པར་ཐོག་བརྡ་བཏང་བའི་འཛད་སྤྱོད་པ་འདི་དག་ལ་ཚོད་འཛིན་གང་དག་ཐེབས་སྲིད།
པེ་ཅིང་གྲོང་ཁྱེར་རྐང་འཁོར་དང་གློག་སྒུལ་འཁོར་རིགས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུའོ་ཅིན་ཀྲིས་ཞིབ་བསྡུར་དང་། དབྱེ་ཞིབ། ཞིབ་རྩིས་བྱས་པ་བཅས་བརྒྱུད་མཐར་ཟླ་གཉིས་པར་མཉམ་སྤྱོད་རྐང་འཁོར་གྱི་མཉམ་འབྲེལ་ཚོད་འཛིན་གྱི་མིང་ཐོ་ཁྱོན་319ལེགས་སྒྲིག་བྱས་པའི་ནང་། མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་མྱུར་བགྲོད་ལམ་བུར་རྐང་འཁོར་བཞག་པའི་སྒྲིག་འགལ་གྱི་སྣང་ཚུལ་ཚུད་ཡོད་པ་རེད།
ཟླ་1པོའི་ཚེས་26ཉིན། པེ་ཅིང་གྲོང་ཁྱེར་གྱི་རྐང་འཁོར་དང་གློག་སྒུལ་འཁོར་རིགས་ལས་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ཅིང་། མཉམ་སྤྱོད་རྐང་འཁོར་གཉེར་སྐྱོང་ཁེ་ལས་གསུམ་དང་མཉམ་དུ་《པེ་ཅིང་ས་ཁོངས་དྲ་སྦྲེལ་གྱི་བོགས་གཏོང་རྐང་འཁོར་ལས་རིགས་ཚད་ལྡན་དུ་གཏོང་བའི་བྱ་སྤྱོད་ཀྱི་མཉམ་འབྲེལ་ཚོད་འཛིན་རང་བཞིན་གྱི་སྤྱི་ཆིངས་(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྤྱི་ཆིངས་》ཞེས་བསྡུ་རྒྱུ།)ལ་མིང་རྟགས་བཀོད་ནས་སྒྲིག་འགལ་ངང་རྐང་འཁོར་བཞག་པ་སོགས་ཀྱི་ཚུལ་མིན་བྱེད་སྤྱོད་ཐེངས་མང་ཡོད་པའི་འཛད་སྤྱོད་པར་མཉམ་འབྲེལ་ཚོད་འཛིན་གྱི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད།
《སྤྱི་ཆིངས།》ཀྱི་གཏན་འབེབས་ལྟར་ན། ཟླ་2པ་ནི་ཚོད་ལྟའི་འཁོར་སྐྱོད་ཟླ་བ་ཡིན་ཞིང་། ཟླ་3པ་ནས་བཟུང་མཉམ་འབྲེལ་ཚོད་འཛིན་གྱི་མིང་ཐོའི་ནང་བཅུག་པའི་འཛད་སྤྱོད་པར་ཟླ་6པ་ནས་བཟུང་མཉམ་འབྲེལ་ཐོག་རྐང་འཁོར་བཞོན་རྒྱུ་ཚོད་འཛིན་བྱ་རྒྱུ་ཡིན་པ་རེད།
པེ་ཅིང་གི་རྐང་འཁོར་ཁེ་ལས་ཤིག་གི་ཚོང་རྟགས་འགན་འཁུར་བ་ཝང་ཧྥན་གྱིས། དཔེར་ན། ནན་ལུའོ་ཀུའུ་སྲང་ལམ་གྱི་བཀག་སྡོམ་ཁུལ་ཞིག་ཏུ་འདས་ཟིན་པའི་ཟླ་དང་པོ་དང་། གཉིས་པ། གསུམ་པ་བཅས་ནང་སྒྲིག་འགལ་ངང་བཞག་པའི་གྱོད་གཞིའི་གྲངས་འབོར་གྱིས་གནས་སའི་དྲ་མིག་ཧྲིལ་པོའི་རྐང་འཁོར་འཇོག་ཚད་ཀྱི་བསྡུར་གྲངས་བཟུང་ཚད་མངོན་གསལ་དོད་པོས་མར་ཆག་པ་དང་3.2%ནས་2.7%བར་ཆག་ཡོད་པ་རེད་ཅེས་བརྗོད་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་4བའི་ཚེས་11ཉིན་བར། རྐང་འཁོར་བཞོན་ཐེངས་མང་བའི་འཛད་སྤྱོད་པ་85%ཙམ་གྱིས《སྤྱི་ཆིངས།》ལ་མོས་མཐུན་བྱས་པ་དང་འབྲེལ་མིང་རྟགས་བཀོད་དེ་རྐང་འཁོར་བཞོན་པའི་ཁྲོད་ཡ་རབས་ངང་རྐང་འཁོར་བཞོན་ནས་གོ་རིམ་ལྡན་པའི་ངང་འཇོག་རྒྱུ་ཁས་ལེན་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སླད་ཕྱིན། པེ་ཅིང་དུ་《སྤྱི་ཆིངས།》ལ་མིང་རྟགས་འགོད་མཁན་གྱི་འཛད་སྤྱོད་པས་གཞི་ནས་མཉམ་སྤྱོད་རྐང་འཁོར་གྱི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
པེ་ཅིང་གི་གྲོང་མི་ཞིག་གིས་ངའི་བསམ་པར་ཡང་དེ་ཧ་ཅང་ཡག་པོ་འདུག འཆར་འགོད་ཡག་པོ་བྱས་འདུག་ཅེས་བརྗོད་ཡོད།
རྐང་འཁོར་ཚད་ལྡན་ངང་སྤྱོད་རྗེས་གོ་རིམ་ལྡན་པར་འཇོག་པ་དང་། གཙང་ཞིང་གྲལ་སྒྲིག་པའི་གྲོང་ཁྱེར་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ། དཔལ་ཡོན་ལྡན་པའི་གྲོང་ཁྱེར་གྱི་སྒྲིག་ལམ་འཛུགས་པར་ང་ཚོ་ཚང་མས་ཐུན་མོང་དུ་འབད་བརྩོན་བྱེད་དགོས།