མདུན་ཤོག > མདུན་ཤོག > པར་རིས་གསར་འགྱུར།

《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ་ཡུལ་སྨད་ཞང་དུ་སྤེལ་བ།

2025-06-04
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི“མཐའ་མཚམས་ཀྱི་སྐད་ཡིག་རྨང་གཞི་བརྟན་དུ་གཏོང་ཆེད《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་བསྐྱོད་པའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཞང་དུ་འཚོགས་པ་རེད།


བྱེད་སྒོའི་ཡུལ་དངོས།
             ཡུལ་སྨད་ཞང་ནི་ལྷོ་ཁ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3650ཡོད། དུས་རབས20པའི་ལོ་རབས90པར་དེ་གར་སྐབས་ཤིག་རིང་སངས་རྒྱས་ཆོས་པ་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ཁོ་ན་མ་གཏོགས་མེད་པས་མི་གསུམ་ཞང་ཞེས་འབོད་ཀྱི་ཡོད། ད་ལྟ། དེ་སྔའི་“མི་གསུམ་ཞང”ནི་དུད་ཚང67དང་མི200ལྷག་ཙམ་ཡོད་པའི་འབྱོར་འབྲིང་ཞང་དུ་འཕེལ་རྒྱས་བྱུང་ཡོད་ལ། ཀྲུང་གོའི་མཐའ་མཚམས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

ཡུལ་སྨད་ཞང་།
             ད་ཐེངས་མཐའ་མཚམས་ཀྱི་སྐད་ཡིག་རྨང་གཞི་བརྟན་དུ་གཏོང་ཆེད《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་བསྐྱོད་ཞེས་པའི་བྱེད་སྒོ་འདི་རྒྱལ་ཁབ་ཀྱི་སྐད་ཡིག་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཐའ་མཚམས་ས་ཁུལ་གྱི་སྐད་ཡིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་ཇུས་འགོད་ཞིབ་ཚགས་བྱས་ཏེ《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད》(བོད་ཡིག་ཤན་སྦྱར)སྒྲིག་འཛུགས་རྩོམ་སྒྲིག་དང་། 《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཡི་རྒྱ་བོད་ཤན་སྦྱར་པར་གཞི་ཡིག་སྒྱུར་དཔེ་སྐྲུན་བྱས་པ་དང་། དཔྱད་ཡིག་གཉིས་སྔ་རྗེས་སུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི2023ལོའི་ཞིང་པའི་དཔེ་ཁང་གི་གཙོ་གནད་དཔེ་སྐྲུན་དངོས་པོ་འོས་སྦྱོར་དཀར་ཆག་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་པ་དང་འབྲོག་པའི་ཁྱིམ། དགོན་པའི་དཔེ་ཁང་གི་དཀར་ཆག་ནང་བདམས་པ་དེས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་སྟབས་བདེ་ཆེན་པོ་མཁོ་འདོན་བྱས་ཡོད།  
             བྱེད་སྒོའི་ཡུལ་དངོས་སུ་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུས)དང་དེ་བཞིན་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲོང་མིར《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》རྒྱ་བོད་ཤན་སྦྱར་པར་གཞི་དང་།《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད》(བོད་ཡིག་ཤན་སྦྱར)《སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་བསྒྱུར་འབྲི་ཚད་གཞི》སོགས་སློབ་སྦྱོང་དཔེ་དེབ་ཕུལ་བ་རེད། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐད་ཀྱི་མྱོང་ཚོར་གླེང་པ་རེད། བྱེད་སྒོའི་ཡུལ་དངོས་སུ་ད་དུང་དཔེ་སྟོན་སློབ་ཚན་བཙུགས་ཏེ《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ལ་དམིགས་ནས་སློབ་ཁྲིད་བྱས་པ་དང་འཚོ་བའི་ཐད་ཀྱི་རྒྱུན་སྤྱོད་ཚིག་གཙོ་གནད་ཐོག་འགྲེལ་བཤད་བྱས་པ་མ་ཟད། བོད་ཡིག་གི་སྒྲ་སྒྱུར་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐ་སྙད་དང་ཟུང་འབྲེལ་བྱས་ཏེ“སློབ་སྦྱོང་དང་སྦྱོང་བརྡར་དང་སྤྱོད་པ”གཞི་གཅིག་ཅན་གྱི་སློབ་སྦྱོང་བྱེད་ཐབས་དཔེ་སྟོན་བྱས་ནས་གྲོང་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཇི་ལྟར་བྱས་ནས་རྒྱུན་ལྡན་གྱི་སྤེལ་རེས་དང་ཐོན་སྐྱེད་འཚོ་བ་དང་འདྲེས་པར་མཛུབ་ཁྲིད་བྱས་པ་རེད།

མོན་པ་རིགས་ཀྱི་གསར་བུ་སྟོབས་རྒྱལ།
             མཚོ་ན་གྲོང་ཁྱེར་ལེགས་པོ་རོང་ནས་ཡོང་བའི་སྟོབས་རྒྱལ་གྱིས་བྱེད་སྒོའི་ཡུལ་དངོས་སུ་ཁོང་གི་མྱོང་ཚོར་མཉམ་སྤྱོད་གནང་བ་རེད། “ང་ཚོ་ཞིང་འབྲོག་ཁུལ་དུ། ངའི་ཕ་མའི་རབས་ཀྱི་མི་མང་པོ་ཞིག་མི་ཚེ་གང་བོར་ཕ་ཡུལ་གྱི་རི་བོ་ནས་ཐོན་མྱོང་མེད། རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་མ་ཤེས་པས། ཚོང་ཟོག་བཟང་པོ་ངོ་སྤྲོད་བྱེད་ཐབས་མེད་པ་དང་དངོས་པོ་བཟང་པོ་རིན་གོང་བཟང་པོར་བཙོང་མི་ཐུབ། གྲོང་ཁྱེར་དུ་སྨན་བཅོས་བྱེད་བར་འགྲོ་སྐབས་ནད་གཞི་གསལ་པོ་བཤད་མི་ཐུབ་པར་བྲེལ་འཚུབ་ལངས་ནས་འདུག་པ་ལས་བྱ་ཐབས་གཞན་མེད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་ཟམ་པ་ཞིག་དང་འདྲ་བས། ཏང་གི་སྲིད་ཇུས་བཟང་པོ་དང་ཁྲོམ་རའི་གོ་སྐབས་བཟང་པོ། སྔོན་ཐོན་ལག་རྩལ་དང་ཤེས་བྱ་བཅས་ཚང་མ་ང་ཚོའི་འཚོ་བའི་ནང་དུ་ཞུགས་ཐུབ།“སྔོན་ཆད་དབྱར་རྩྭ་དགུན་འབུ་དང་ནོར་གནག་བཙོང་སྐབས་བར་ཚོང་ལ་བརྟེན་དགོས་མོད། ད་ལྟ་ས་ཆ་གཞན་གྱི་སྦྱིན་བདག་དང་ཐད་ཀར་རིན་གོང་གྲོས་མོལ་བྱེད་ཐུབ་པས་ཡོང་འབབ་མི་ཉུང་བ་ཞིག་རག་ཐུབ་ཀྱི་ཡོད། ད་ལྟ་ལག་ཐོགས་ཁ་པར་ཐོག་ནས་གསོ་སྤེལ་ལག་རྩལ་དང་གནམ་གཤིས་སྔོན་བརྡ་ལ་ལྟ་ཐུབ་པ་མ་ཟད། ད་དུང་དྲ་ཐོག་ཏུ་དམིགས་བསལ་ཐོན་རྫས་བཙོངས་ཐུབ་པས་ཚོང་ལས་ས་ཆ་གཞན་དུ་སླེབས་ཡོད”

བྱེད་སྒོའི་ཡུལ་དངོས་ཀྱི་དཔེ་དེབ།
             རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་མི་རིགས་ཁག་འབྲེལ་གཏུག་བྱེད་པའི་ཟམ་པ་ཡིན། མཐའ་མཚམས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་བ་ནི་མཐའ་མཚམས་ཀྱི་སྐད་ཡིག་ཁོར་ཡུག་འབྲེལ་གཏུག་བདེ་བླག་བསྐྲུན་རྒྱུ་དང་། རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་ནི་མཐའ་མཚམས་མང་ཚོགས་དེང་རབས་སྤྱི་ཚོགས་ནང་མཉམ་འདྲེས་དང་། ལས་ཞུགས་དང་ལས་གཏོད་ནུས་པ་མཐོར་འདེགས་གཏོང་རྒྱུ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བར་དགོས་ངེས་ཀྱི་རྩལ་ནུས་ཤིག་ཏུ་གྱུར་ཡོད། མཐའ་མཚམས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་ཐེག་པའི་ཀྲུང་ཧྭའི་རིག་གནས་ལ་བསམ་ཤེས་དང་ཁས་ལེན་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བའི་འགག་རྩ་ཞིག་ཀྱང་ཡིན"ཞེས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ཁང་(རྩོམ་སྒྱུར་ཅུའུ)ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཟླ་བ་ཚེ་རིང་གིས་བཤད།

བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ཁང(རྩོམ་སྒྱུར་ཅུའུ)གི་ལས་མིས་ཡུལ་སྨད་ཞང་གི་མང་ཚོགས་ལ་སློབ་སྦྱོང་ཐད་མཛུབ་སྟོན་གནང་བཞིན་པ།
             ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཞང་ལས་བྱེད་པ་ཚེ་རིང་མཚམས་གཅོད་ཀྱིས“《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ནི་མཐའ་མཚམས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་སློབ་སྦྱོང་གི་དཔྱད་གཞི་ཞིག་ཡིན། དེབ་དེའི་ནང་འཚོ་བ་དང་སློབ་སྦྱོང་། ལས་ཀ་བཅས་ཀྱི་རྒྱུན་མཐོང་གི་གནས་ཚུལ་ལ་དམིགས་ནས་སློབ་སྦྱོང་ལ་སྟབས་བདེ་ཆེན་པོ་མཁོ་འདོན་བྱས་ཡོད། གཤམ་དུ་ཡུལ་སྨད་ཞང་གི་ལས་བྱེད་པ་དང་ལས་བཟོ་པས་ད་ཐེངས་ཀྱི་དཔེ་དེབ་སྤྲོད་པའི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས་སྤྱི་སྐད་ཀྱི་དོན་སྙིང་གལ་ཆེན་དང་བྱེད་སྒོའི་གྲུབ་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། མཐའ་མཚམས་མང་ཚོགས་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཚ་རླབས་འཕྱུར་ནས་མང་ཚོགས་ཀྱིས་སློབ་འདོད་དང་། སྦྱོང་ཐུབ་པ། བེད་སྤྱོད་ཡག་པོ་བཅས་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད། 
             བྱེད་སྒོ་དེ་ཡུལ་སྨད་ཞང་འགོ་ཚུགས་ས་བྱས་ནས་ལྷོ་ཁ་དང་གཞིས་རྩེ། ཉིང་ཁྲི། མངའ་རིས་སོགས་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་དུ་བསྐྱོད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་སྤེལ་རྒྱུ་རེད། ཁྱབ་སྤེལ་བྱེད་སྟངས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། གཅིག་བསྡུས་སློབ་ཁྲིད་བྱེད་པ་མ་ཟད། ད་དུང་དོན་དངོས་དང་ཟུང་འབྲེལ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་གཏམ་བཤད་འགྲན་བསྡུར་དང་ཀློག་འདོན་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གཉེར་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་བསྐྲུན་རྒྱུ་རེད།