“ངས་ཀྲུང་གོ་ནས་ཚོང་གཉེར་བྱས་ཏེ་ལོ་ངོ10ཕྱིན་སོང་། ཤིན་ཅང་ཁ་ཧྲི་ནས་འགོ་བཙུགས་ནས་ཀྲུང་གོའི་ས་ཆ་མང་པོ་ཞིག་ཏུ་སླེབས་བྱུང་། ལྷ་སར་ཡོང་ཐེངས་ལྔ་པ་ཡིན། འདི་གའི་མི་ཧ་ཅང་ཡག་པོ་འདུག”ཅེས་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པའི་ཐོག་ཕ་ཁི་སི་ཐན་ནས་ཡོང་བའི་ནོར་ཆས་ཚོང་མཁན་ཨ་ཁེ་པ་ཡིས་ལྷ་སའི་སྐོར་གླེང་སྐབས་མཐེ་བོང་སྒྲེང་བཞིན། “ང་ཚོར་ལྷ་སར་ཚོང་ཧ་ཅང་ཡག་པོ་བྱུང་། མི་མང་པོ་ཞིག་གིས་སྤྱིར་བཏང་དུ་སྐད་ཆ་དྲིས་ན་ཉོ་གི་རེད”ཅེས་བཤད།
ཟླ5པའི་ཚེས16ཉིན། ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པའི་ཐོག་ཕ་ཁི་སི་ཐན་གྱི་ནོར་ཆས་ཚོང་པ་ཨ་ཁེ་པ་ཡིས་བོད་ལྗོངས་ལ་བསྟོད་བསྔགས་བྱེད་བཞིན་པ།
ཟླ5པའི་ཚེས16ཉིན། “ལྷ་ས་གསར་པ་སྒོ་འབྱེད་དང་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུ”ཞེས་པའི་བརྗོད་བྱ་གཙོ་བོར་བྱས་པའི2025ལོའི་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང2པར་འགོ་ཚུགས་ཤིང་། ཡོ་རོབ་དང་། ཧྥེ་གླིང་། མེ་གླིང་ལྷོ་མ། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ། ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ། འཇར་ཕན། ཧན་གོ་དང་། ཤང་ཀང་། ཨའོ་མོན། ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ31ནས་ཡོང་བའི་ཁེ་ལས250ལྷག་དང་ཚོང་པ600ཙམ་ཞུགས་ཡོད།
འགྲེམས་ཁང་འགོ་ཚུགས་ཉིན་དང་པོར། བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་ཨང2པའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་། གནས་ཚུལ་ཐོས་ནས་ཡོང་བའི་ལྷ་སའི་གྲོང་མིར་ཚོང་ཟོག་མང་པོ་ཞིག་གིས་ཡིད་དབང་བཀུག་ཡོད། ཐོག་བརྩེགས་དང་པོར་ཐེ་ལན་གྱི་སྨན་རྫས་དང་བདེ་སྲུང་ཐོན་རྫས་དང་། ཝེ་ཐེ་ནམ་གྱི་དྲི་ཞིམ་རྫས་དང་དྲི་ཞིམ་རྫས་ཐོན་རྫས། མ་ལེ་ཞི་ཡའི་བྲོ་ཞིམ་ཟས་རྫས། སེར་ཝེ་ཡའི་ཁ་ཧྥེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ལག་བཟོས་ས་གདན། ཐུར་ཁེའི་གློག་སྒྲོན། དབྱི་རན་གྱི་གུར་གུམ་དང་གྱོན་ཆས་ཨོ་སི་ཁྲུ་ལི་ཡའི་བདེ་སྲུང་ཐོན་རྫས་དང་རྒུན་ཆང་། དབྱིན་ཇི་དང་ཧྥ་རན་སིའི་ཝེ་ཧྲི་ཅི། འཇར་པན་གྱི་ཆང་དྭངས་དང་ཆང་སྲེག་མ། ཐའེ་ཝན་ས་ཁུལ་གྱི་མུ་ཏིག་དང་ནོར་བུ་སོགས་གོ་ལ་ཧྲིལ་པོའི་སྤུས་ལེགས་ཐོན་རྫས་ཚང་མ་འདུས་ཡོད་པས། ལྷ་སའི་གྲོང་མི་དང་ས་གནས་ཁག་གི་ཡུལ་སྐོར་བའི“ས་ཚིགས་གཅིག་ནས་གོ་ལ་ཧྲིལ་པོར་སྐོར་བའི”དགོས་མཁོ་བསྐང་ཡོད། འགྲེམས་སྤེལ་བྱས་རྗེས་སུ། གཞི་རྩའི་ཐོག་ཚོང་ཁང་ཚང་མའི་མདུན་དུ་སྐུ་མགྲོན་ཡོད་པའམ་ཡང་ན་བྲོ་བ་མྱངས་རྗེས་དགའ་སྤྲོའི་ངང་ཉོ་བའམ་ཡང་ན་དགའ་པོ་བྱུང་བའི་ཚོང་ཟོག་ཁྱེར་ནས་ཚོང་པ་དང་རིན་གོང་གྲོས་མོལ་བྱེད་ཀྱི་ཡོད་པས་འཁྲུག་ཆ་དོད་པོ་ཡོད།

ཟླ5པའི་ཚེས16ཉིན་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པའི་ཐོག་སྐུ་མགྲོན་གྱིས་བྱུ་རུའི་རྒྱན་ཆའི་རིན་གོང་འདྲི་བཞིན་པ།
“ཕུ་བོ་ཡང་ཚོང”ནི་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་ལ་ཐེངས་གཉིས་ཡོང་མྱོང་བ་དང་། ཐའེ་ཝན་ས་ཁུལ་གྱི་ཚོང་པ་འདིས་སེམས་འགུལ་ཆེན་པོ་ཐེབས་ནས་བཤད་དོན། “སྔོན་ཆད་ང་ཅིན་མོན་དུ་དམག་ཞབས་བྱས་པ་དང་དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་སྐམ་ས་ཆེན་པོར་ཚོང་རྒྱག་པར་ཕྱིན་པ་ཡིན། འདི་ནི་བོད་ལྗོངས་སུ་ཡོང་ཐེངས་གཉིས་པ་ཡིན། ན་ནིང་ཡང་འགྲེམས་ཚོགས་འདིར་ཞུགས་པས་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་། བོད་ལྗོངས་འདི་ཉིད་ཧ་ཅང་ཡག་པོ་འདུག གྲོང་མི་རྣམས་བབ་ཆགས་པས་ཀྲུང་ཧྭའི་རིག་གནས་ཀྱི་སྤྱོད་བཟང་མང་པོ་འདུག དོན་དངོས་ཐོག་ཐའེ་ཝན་བ་མང་པོ་བོད་ལྗོངས་སུ་ཡོང་འདོད་ཆེན་པོ་ཡོད། ང་ཚོ་འདི་གར་ཡོང་ཐུབ་པར་ཧ་ཅང་དགའ་པོ་འདུག ད་དུང་ཐའེ་ཝན་གྱི་ཚོང་ཟོག་ཡག་པོ་འདི་གར་ཁྱེར་ཡོང་བ་ཡིན། ཚོང་རྒྱག་རྒྱུ་ནི་ཕྱོགས་གཅིག་ཡིན་ལ། ངོགས་གཉིས་ཀྱི་སྤུན་ཟླའི་བར་སྤེལ་རེས་བྱ་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན”ཞེས་བཤད།
ཟླ5པའི་ཚེས16ཉིན་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པའི་ཐོག་ཐའེ་ཝན་གྱི་ཚོང་པས་སྐམ་ས་ཆེན་པོར་ཚོང་རྒྱག་པའི་ཉམས་མྱོང་བརྗོད་པ།
ཐོག་བརྩེགས་གཉིས་པ་ནི་བལ་བོ་དང་། རྒྱ་གར། བོད་ལྗོངས་བཅས་ཀྱི་ས་གནས་དེ་གའི་ཚོང་ཟོག་སྣ་ཚོགས་ཡིན་པ་སྟེ། ལྕགས་རིགས་བརྐོས་བརྙན་དང་། ལྕགས་རིགས་བཟོ་རྩལ་ཐོན་རྫས། ཐང་ཁ། ཁུ་ལུའི་གྱོན་ཆས། ཤིང་ལས་བཟོས་པའི་བཟོ་རྩལ་ཐོན་རྫས། གསེར་དང་གསེར་གྱི་རྒྱན་ཆ་སོགས་ཚུད་ཡོད་པས། སྐུ་མགྲོན་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། བལ་བོའི་བཟོ་རྩལ་ཐོན་རྫས་ཀྱི་ཚོང་ཁང་ཞིག་གི་མདུན་དུ་ཡང་མི་མང་པོ་ཞིག་གི་ཡོད་དབང་བཀུག་ཡོད། མིང་ལ“བལ་བོ་ནས་ཡོང་བའི་ལག་རྟགས”ཞེས་པའི་ཚོང་ཁང་གཞན་ཞིག་གི་མདུན་དུ་ལུག་གི་བལ་གདན་གྱིས་བཟོས་པའི་འགུལ་རིས་ཀྱི་ལག་ཆས་སྣ་ཚོགས་ཡོད་པ་དང་། སྐུ་མགྲོན་ཁ་ཤས་ཀྱིས་དངོས་ཟོག་འབོར་ཆེན་ལེན་པའི་རིན་གོང་དང་འགག་སྒོ་ཐོ་འགོད་སོགས་ཀྱི་དོན་དག་འདྲི་རྩད་བྱེད་བཞིན་ཡོད་པས། བལྟས་ཚོས་ལ་ཉིན་དང་པོར་ཚོང་པ་རྣམས་ལ་མངག་ཐོ་ཆེན་པོ་ཞིག་བྱུང་བཟོ་ཡོད།
ཟླ5པའི་ཚེས16ཉིན་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པའི་ཐོག་བལ་བོའི་ཚོང་པས་སྐུ་མགྲོན་ལ་ཇི་ལྟར་བྱས་ནས་སུང་ཕོར་རྡུང་ཚུལ་གསལ་སྟོན་བྱེད་པ།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱི་ཡུལ་དངོས་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8000ཡོད་པ་སྟེ། དེའི་ནང་དུ“རྒྱལ་སྤྱིའི་སྤུས་ལེགས”བརྗོད་བྱ་གཙོ་བོའི་ཆེད་ཁུལ1དང་། “ནང་འདྲེན་ཆང་རག”དང་། “མཛེས་བཟོ་དང་བདེ་སྲུང་ཐོན་རྫས”དང་། “ནང་འདྲེན་ཤིང་ཏོག”དང་། “ཨའོ་ལའེ་སྤུས་ལེགས”བཅས་སྤུས་རྟགས་ཆེད་ཁུལ4དང་། “ལྷ་སའི་དངོས་ཟོག་ཡག་པོ”དང་། “ལྷ་ས་ཕྱིར་གཏོང་ནང་འདྲེན་ཁེ་ལས”བཅས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ཁུལ2དང་། “ཨེ་ཤེ་ཡ་ལྷོ་མའི་ཚོང་ཟོག་འགྲེམས་ཁུལ”1དང་། དེ་བཞིན་རྒྱལ་སྤྱིའི་ཚད་ལྡན་འགྲེམས་ཁང284བཅས་ཚུད་ཡོད། འགྲེམས་སྟོན་དངོས་རྫས་རིགས1500ལས་བརྒལ་བ་དང་། འགྲེམས་སྟོན་གྱི་གྲངས་འབོར10000ལྷག་ཙམ་ཟིན་པས། ཉིན་མཁོའི་འཛད་སྤྱོད་རྫས་དང་། བཟའ་བཅའ་འཐུང་ཆ། བཟོ་རྩལ་རྫས། ཁྱིམ་ཆས་མཁོ་ཆས། མུ་ཏིག་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།
འགྲེམས་སྟོན་འདུ་ཚོགས་ཀྱི་ཡུལ་དངོས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་བྱེད་སྒོ་གལ་ཆེན་ཤིག་ཡིན་པའི་ངོས་ནས་འགྲེམས་ཚོགས་ཀྱི་གཞི་ཁྱོན་སྐབས་དང་པོ་ལས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་གཞོན་པ་ལུའུ་ཝུན་ཀྲུང་གིས་འགོ་ཚུགས་མཛད་སྒོའི་ཐོག་བཤད་རྒྱུར། འགྲེམས་ཚོགས་ཀྱིས་ལྷ་སའི་གྲོང་མིར་གོ་ལ་ཧྲིལ་པོའི་སྤུས་ལེགས་ཚོང་ཟོག་ཁྱེར་ཡོང་ནས་དམངས་འཚོའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཁེ་ལས་ལ་ལྷ་སའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་ཕན་ནུས་ཆེ་བའི་སྟེགས་བུ་བསྐྲུན་ཡོད། འགོ་ཚུགས་མཛད་སྒོར་ཞུགས་པའི་ལྷ་སར་བཅའ་སྡོད་བལ་བོའི་སྤྱི་ཁྱབ་གཞུང་ཚབ་ལ་ཁེ་ཞི་མི•ཕུའུ་ལ་ས་ཏེ•ཉི་ལུའོ་ལའི་ཤིས་ཚིག་སྒྲོན་ནས། ཉེ་བའི་ལོ་ཤས་ཀྱི་རིང་ལ། བལ་བོ་དང་བོད་རང་སྐྱོང་ལྗོངས་དབར་གྱི་ཚོང་དོན་འབྲེལ་བར་གསོན་ཤུགས་གསར་པ་ཐོན་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་ནི་ཚོང་དོན་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཚོང་དོན་གོ་སྐབས་དམ་འཛིན་བྱེད་པའི་སྟེགས་བུ་ནུས་ལྡན་ཞིག་རེད་ཅེས་བཤད། ཁུན་མིང་དུ་བཅའ་སྡོད་ཐེ་ལན་གྱི་སྤྱི་ཁྱབ་གཞུང་ཚབ་ཁང་ཚོང་དོན་ཁྲུའུ་ཡི་གཞུང་ཚབ་གཞོན་པ་ཅང་ཐིང་ཐིང་གིས། ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་སྐབས་སུ་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པ་ནི་ཐེ་ལན་དང་བོད་ལྗོངས་དབར་གྱི་ཉོ་ཚོང་འགྲོ་འོང་གི་མཉམ་ལས་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས།

འགྲེམས་སྟོན་འདུ་ཚོགས་ཀྱི་ཡུལ་དངོས།
2025ལོའི་ལྷ་ས་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་སྐབས་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ལྷ་སའི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ལྷ་ས་དེ་བས་སྒོ་འབྱེད་པའི་རྣམ་འགྱུར་ཐོག་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་མཉམ་འདྲེས་བྱ་རྒྱུར་རོགས་རམ་ཐུབ་པར་བྱ་རྒྱུ་རེད།