—— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་པའི་སྐོར་གྱི་མཐོང་ཐོས།
འདི་ནི་སྟོད་ལུང་བདེ་ཆེན་ཆུས་ལྕགས་རུ་གྲོང་ཚོའི་རྣམ་པ་ཡིན་པ།
གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མུ་མཐུད་ཤུགས་རྒྱག་པའི་ཁ་ཕྱོགས་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གོམ་པ་བརྟན་པོ་སྤོས་པ་དེའི་ཁྲོད་ནས་རྒུ་རུམ་གྲོང་རྡལ་ལྕགས་རུ་གྲོང་ཚོ་མདུན་གྲལ་དུ་སླེབས་ཡོད།
གསར་འགོད་པ་ལྕགས་རུ་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་ཐོག་མར་མངོན་པ་ནི་གསར་དུ་བསྐྲུན་པའི་འགྲོ་ལམ་རེད། གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ཤིང་རྒྱ་ཆེ་བ་དང་ལམ་གཡས་གཡོན་གཉིས་སུ་ལྗོན་ཤིང་གི་ལོ་འདབ་རྒྱས་ནས་གྲོང་ཚོར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཞིག་སྦྱིན་པ་ལྟར་སྣང་། འགྲོ་ལམ་ཐོག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་འགྲུལ་བཞུད་པ་རྣམས་རྐང་ཐང་མར་བསྐྱོད་དེ་གྲོང་ཚོ་ཡོངས་ནས་འགྲིམ་འགྲུལ་སྟབས་བདེ་ལས་བྱུང་བའི་གསོན་ཤུགས་གསར་པ་མངོན་འོང་།
བཅར་འདྲི་བྱེད་སྐབས་གྲོང་མི་ཚོ་ཉེ་བའི་ལོ་ཤས་རིང་གྲོང་ཚོར་བྱུང་བའི་འཕོ་འགྱུར་ཆེན་པོར་ཧང་སངས་ཤིང་། ལྕགས་རུ་གྲོང་ཚོའི་ཚོགས་ཆུང་4པའི་ཙུའུ་ཀྲང་དོན་གྲུབ་ཀྱིས་མིག་མདུན་གྱི་གྲོང་གསེབ་ཀྱི་མཛེས་ལྗོངས་ལ་བལྟས་ནས་སེམས་འགུལ་ཚད་མེད་ཐེབས། ཁོང་གིས་གསར་འགོད་པར“སྔོན་ཆད་ང་ཚོའི་གྲོང་ཚོའི་འགྲོ་ལམ་གུ་དོག་པས་ཆར་པ་བབས་མ་ཐག་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཏེ་འགྲོ་སྐྱོད་ཁག་པོ་ཡོད། ད་ཆ་ལམ་གསར་པ་བསྐྲུན་པས་ང་ཚོ་ཕྱིར་སྐྱོད་སྐབས་སྟབས་ཧ་ཅང་བདེ་བ་མ་ཟད། ཡུལ་སྐོར་བ་དེ་བས་མང་བ་དེ་གར་ལྟ་སྐོར་སྤྲོ་གསེང་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད”ཅེས་བཤད།
འགྲོ་ལམ་འགྲིམ་འགྲུལ་ལ་འགྱུར་ལྡོག་བྱུང་བ་ཕུད། ལྕགས་རུ་གྲོང་ཚོའི་སྔོ་འགྱུར་ལས་དོན་དེ་བཀྲག་མདངས་འཚེར་ས་གཞན་ཞིག་ཏུ་གྱུར་ཡོད། གྲོང་ཚོའི་ནང་འཆམ་འཆམ་ལ་འགྲོ་སྐབས་གང་སར་ལྗོན་ཤིང་དང་མེ་ཏོག་མཐོང་རྒྱུ་ཡོད་པས་དེ་གའི་སྔོ་འགྱུར་ལས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། མཁའ་རླུང་གི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ནས་གྲོང་མི་ཚོར་ཡང་མཁའ་རླུང་སོས་པ་རྔུབ་ཐུབ་པ་བྱུང་ཡོད།
གྲོང་ཚོའི་རྒྱབ་ཀྱི་རི་ཟུར་དུ་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་ཆ་ཚང་ཞིག་སྤྱོད་བཞིན་ཡོད། འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད་ལག་བསྟར་བྱས་པའི་ལས་གྲྭ་གལ་ཆེན་ཞིག་རེད། སྒྲིག་ཆས་དེ་དག་བརྒྱུད་གྲོང་མི་ཚོའི་འཚོ་བའི་བཙོག་ཆུ་གཙང་གསིང་ཐུབ་ནས་སྔོན་ཆད་གང་བྱུང་དུ་ཕྱིར་འབུད་བྱེད་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད།
དོན་གྲུབ་ཀྱིས“སྔོན་ཆད་བཙོག་ཆུ་ཕྱིར་འབུད་རྒྱུ་ནི་གྲོང་ཚོའི་དཀའ་ངལ་ཆེ་ཤོས་ཀྱི་གནད་དོན་ཞིག་རེད། དབྱར་ཁར་གྲོང་ཚོའི་ནང་དྲི་ངན་གྱིས་ཁེངས་ནས་ང་ཚོའི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། ད་ཆ་གཙང་གསིང་སྒྲིག་ཆས་ཀྱིས་བཙོག་ཆུ་གཙང་གསིང་ཐུབ་པ་མ་ཟད། གྲོང་ཚོ་ཡང་སྔར་བས་གཙང་ལ་མཛེས་སུ་ཕྱིན་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱེད་བཞིན་བཤད།
“རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། ཚང་མས་དེ་གར་སྤྲོ་གསེང་རོལ་རྩེད་དང་། གཟུགས་པོར་སྦྱོང་བརྡར། བསམ་ཚུལ་སྤེལ་རེས་བཅས་བྱེད་ཆོག་པས་གྲོང་ཚོའི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ནུས་ཆེ་རུ་སོང་ཡོད”ཅེས་ལྕགས་རུ་གྲོང་ཚོའི་ལས་དོན་པས་ངོ་སྤྲོད་བྱས།
གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ལྕགས་རུ་གྲོང་ཚོའི་དཔལ་འབྱོར་ལ་ཡང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཡུལ་མི་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་གྲོང་ཚོའི་ཤིང་འབྲས་དང་སྔོ་ཚལ་དང་དེ་བཞིན་ཚགས་ཤ་དང་ལུག་ཤ་སོགས་ཞིང་འབྲོག་ཐོན་རྫས་མཐའ་འཁོར་གྱི་ཁྲོམ་ར་ཆེ་གྲས་ཁག་ཏུ་བཙོངས་པས་ཡུལ་མིའི་ཡོང་འབབ་འཕར་ཡོད།
“ད་ཆ་ང་ཚོའི་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་ལེགས་སུ་ཕྱིན་ཞིང་། ཡུལ་མི་མང་པོ་ཞིག་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་གཅིག་རྗེས་གཉིས་མཐུད་ངང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་པ་བརྒྱུད་ཡུལ་སྐོར་བ་སྔར་ལས་མང་བའི་ཡིད་དབང་བཀུག་ནས་ང་ཚོའི་གྲོང་ཚོའི་ཡུལ་སྐོར་ལས་རིགས་དེ་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པའི་རེ་བ་ཡོད”ཅེས་དོན་གྲུབ་ཀྱིས་བཤད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས“གྲོང་གསེབ་དར་རྒྱས་ནི་ཕྱོགས་བསྡུས་རང་བཞིན་དང་ཕུགས་ཕན་རང་བཞིན་གྱི་འཐབ་ཇུས་དམིགས་ཚད་ཅིག་ཡིན། ང་ཚོས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་རྣམ་པ་དང་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན། སྲིད་ཇུས་ཀྱི་སྣེ་ཁྲིད་དང་བྱེད་ཐབས་ནུས་ལྡན་འོག་གྲོང་གསེབ་དེ་བས་མང་བ་ཞིག་ལྕགས་རུ་གྲོང་ཚོ་ལྟར་རྣམ་པ་གསར་རྐྱང་མངོན་ནས་གྲོང་གསེབ་དེ་མི་སེམས་ཕྱོགས་སའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་ཐུབ་པར་ང་ཚོར་ཡིད་ཆེས་ཡོད” ཅེས་བཤད།
ལྕགས་རུ་གྲོང་ཚོར་བཅར་འདྲི་བྱེད་རིང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡུལ་མི་ཚོའི་རེ་འདོད་དང་དོན་གཉེར་གྱི་རྣམ་པ་དེ་གསར་འགོད་པས་ཟབ་མོ་ཚོར་ཞིང་། ཁོང་ཚོས་རང་ཉིད་ཀྱི་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་ཚོའི་རྣམ་པ་མཛེས་སུ་བཏང་བ་མ་ཟད། ད་དུང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི“རྨང་གཞི”ཡང་བརྟན་དུ་བཏང་ཡོད།