ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་གྲོས་མོལ་གནང་ཡོད་པ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་གཙོ་སྐྱོང་གནང་ནས། ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེར་ཏོ་ཨན་ནས་རང་རྒྱལ་དུ་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་ཡོད། དམག་མིའི་རོལ་ཆ་རུ་ཁག་གིས་ཐུར་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། རྟེན་འབྲེལ་མེ་སྒྱོགས་ཐེངས་ཉི་ཤུ་རྩ་གཅིག་བརྒྱབ་ཡོད། ཨེར་ཏོ་ཨན་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད། དེ་རྗེས་དམག་མིའི་རོལ་ཆ་རུ་ཁག་གིས་མདུན་སྐྱོད་རོལ་ཆ་འབུད་གཏོང་གི་འཁྲབ་སྟོན་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཡང་ཅེ་ཁྲེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅི་པིན་ཞོན། རྒྱལ་དོན་ཨུ་ཡོན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞ་པའོ་ལུང་དང་། ཧོ་ལི་ཧྥེང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་གནང་ཡོད།
ཨེར་ཏོ་ཨན་ནས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རོགས་ཞུ་མཁན་གྲས་སུ་ཕྱི་འབྲེལ་པུའི་པུའུ་ཀྲང་དང་། ནུས་པའི་འབྱུང་ཁུངས་དང་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་སོགས་ཡོད་པ་རེད། ཨེར་ཏོ་ཨན་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་དུ་འཚམས་འདྲི་གནང་བར་ཕེབངས་པ་ཞིག་ཡིན། དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་ཨེར་ཏོ་ཨན་དང་གྲོས་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། གུས་པར་འོས་པའི་ཙུང་ཐུང་སྐུ་ཞབས་ཨེར་ཏོ་ཨན་ཁྱེད་ནས་ཀྲུང་གོར་འཚམས་འདྲི་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཟླ་བ་གོང་མར་ཏུ་ཧྲན་པེར་མཇལ་འཛོམས་ཞུས་པ་ཡིན། མི་རིང་བའི་གོང་ཡང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ལ་ལྷན་དུ་ཞུགས་པ་ཡིན། དེ་རིང་སླར་ཡང་པེ་ཅིན་དུ་མཇལ་འཛོམས་བྱུང་བའི་ཐོག་ནས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་པ་མངོན་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཐུར་ཁེ་གཉིས་ཀ་གལ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ཀྱི་གནད་དོན་དང་འབྲེལ་བའི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་སར་ཕན་ཚུན་བརྩི་འཇོག་བྱེད་པ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་གོང་འཕེལ་གཏོང་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་སྔ་བར་ཕྱི་གསུམ་དུ་སྐྱོན་བྲལ་བརྟན་ལྷིང་གི་འཁོར་ལམ་ཐོག་སྐྱོད་རྒྱུར་འགན་ལེན་བྱེད་དགོས། དོན་དངོས་ཀྱི་བྱ་སྤྱོད་སྤེལ་ནས་འཇིགས་རྒོལ་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཙུང་ཐུང་སྐུ་ཞབས་ཀྱིས་སྟོབས་ཤུགས་གང་རུང་གིས་ཐུར་ཁེའི་ས་གཞིའི་ཐོག་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་མི་ཆོག་པའི་བསྐྱར་བཤད་ཐེངས་མང་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཐུར་ཁེའི་ཕྱོགས་ནས་ཀྲུང་གོས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་བསྐྱར་བཤད་ཐེངས་མང་གནང་བར་མཐོང་ཆེན་བྱེད་ཅིང་། ཐུར་ཁེའི་ཕྱོགས་དང་རྒྱལ་སྤྱིའི་འཇིགས་རྒོལ་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། འཐབ་ཇུས་སྦྲེལ་མཐུད་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་དགོས། ཐུར་ཁེ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རོགས་ཟླ་གལ་ཆེན་ཡིན་པས། ཀྲུང་གོའི་ཕྱོགས་ནས་ཐུར་ཁེའི་ཕྱོགས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་བར་དཀྱིལ་ཁྱམས་རའི་འཆར་གཞི་དང་སྦྲེལ་མཐུད་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས། ཉོ་ཚོང་དང་། མ་འཇོག ཚན་རྩལ། ནུས་པའི་འབྱུང་ཁུངས། རྨང་གཞིའི་སྒྲིག་བཀོད། དེ་བཞིན་གལ་ཆེའི་རྣམ་གྲངས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་འདོད་ཡོད། དེ་དང་ཆབས་ཅིག་དམངས་ཕན་གྱི་རྣམ་གྲངས་འབྲིང་ཆུང་མཉམ་ལས་ཧུར་ཐག་བྱས་ནས། ཁེ་ལས་དང་མང་ཚོགས་སྔར་བས་མང་བར་ཀྲུང་གོ་དང་ཐུར་ཁེའི་མཉམ་ལས་ཁྲོད་ནས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཐོབ་པ་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་མུ་མཐུད་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཐུར་ཁེའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་ས་ཁུལ་གྱི་བྱ་དོན་ནང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་ཡོད་དོ་ཁུར་ཆེ་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པ དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་ མེད་ཀྱིས་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱེད་པའི་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོང་། རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས་ཞེས་གསུངས་གནང་ཡོད།
ཨེར་ཏོ་ཨན་གྱིས། ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུས་སྦྲེལ་མཐུད་བྱུང་བའི་ལོ་རྒྱུས་རིང་བའི་ཐུར་ཁེ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་དེ་རིང་སྔར་བས་ཤུགས་སྣོན་ཐེབས་ཡོད། ཐུར་ཁེ་དང་ཀྲུང་གོའི་འབྲེལ་བ་ཟབ་མོ་དེ་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། ཐུར་ཁེས་ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་དོན་གཉེར་བྱེད་བཞིན་ཡོད། ཐུར་ཁེའི་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་མི་རིགས་ཁག་གི་ཡུལ་མི་རྣམས་ཀྲུང་གོའི་གོང་འཕེལ་དར་རྒྱས་ཀྱི་ཁྲོད་དུ་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད་པ་དོན་དངོས་ཡིན། ཐུར་ཁེའི་ཕྱོགས་ནས་མི་གང་རུང་ཞིག་གིས་ཐུར་ཁེ་དང་ཀྲུང་གོའི་འབྲེལ་བར་དཀྲུག་ཤིང་རྒྱག་ཏུ་འཇུག་མི་སྲིད། ཐུར་ཁེས་བློ་བརྟན་འགྱུར་མེད་ཀྱིས་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཐུར་ཁེ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་ཅིང་། ཐུར་ཁེས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་ཉོ་ཚོང་དང་། མ་འཇོག དངུལ་རྩ། ནུས་པའི་འབྱུང་ཁུངས། རླངས་འཁོར་བཟོ་སྐྲུན། རྨང་གཞིའི་སྒྲིག་བཀོད། ཐོན་ལྔ་པའི་སྤོ་འགུལ་འཕྲིན་གཏོང་། རིག་སྟོབས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དང་། རིག་གནས། ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
རྩོམ་སྒྲིག་པ། སངས་སྐྱབས།