འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བཞིན་པ།
འདི་ནི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡིས་2026ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་མཛད་སྒོར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་ཚང་མ་ཡར་བཞེངས་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཟླ་8ཚེས་26ཉིན་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད། མིག་སྔར་ཉེན་སེལ་རོགས་སྐྱོབ་དང་རྗེས་མཐུད་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ཚན་རིག་དང་མཐུན་ཞིང་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་བློ་བརྟན་འགྱུར་མེད་ངང་དྲིན་ཚོར་འབད་འབུངས་ཀྱི་སྟོབས་ཤུགས་སུ་འགྱུར་བ་བཅས་བྱས་ཚེ། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་ངེས་རེད། “དོན་ཆེན་བཞིར”གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་སྡེབ་གཅིག་ཏུ་དོན་འཁྱོལ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། “འདུ་ཤེས་གསུམ”གྱི་སློབ་གསོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཧུར་ཐག་བྱེད་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སློབ་སྦྱོང་གི་ཕན་འབྲས་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཐུབ་པར་བྱས་ཐོག་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་སྤྲས་ཏེ་ཐོག་མཐའ་བར་གསུམ་དུ་གཞུང་དྲང་སྤྱོད་གཙང་ཞིག་བྱེད་དགོས། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ལས་བྱེད་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡོངས་ཁྱབ་ངང་བསམ་བློའི་སྦྱོང་བརྡར་དང་ཏང་གཤིས་ཀྱི་ཞུན་བརྡར་གཏིང་ཟབ་ཐེབས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱོད་གཙང་གཞུང་དྲང་དང་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཏེ། དམིགས་ས་ཡོད་པའི་སྒོ་ནས་ལམ་ལུགས་དང་སྒྲིག་ལམ་ཁ་གསབ་དང་ཡག་པོ་འཛུགས་པ་དང་། ཏང་ཡོན་ལས་བྱེད་པར་སྔར་བས་སྲ་ཞིང་བརྟན་པའི་ཏང་གཤིས་ཀྱི་ཞུན་བརྡར་ཐེབས་པར་ཁྲིད་སྟོན་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ། “བཀོད་འདོམས་དབྱུག་པ”ཡང་དག་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་དང་རང་འགན་གཙང་སྒྲུབ་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་བྱ་རྒྱུར་སྣང་ཆེན་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་དངོས་འབྲེལ་འཇོག་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས། སློབ་མ་ཚོས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་མཐའ་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་གཤིས་སྤྱོད་བཟང་པོར་ཞུན་བརྡར་སྤྲོས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་སྦྱོང་བརྡར་བྱེད་པ། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས། སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས། ཏང་གི་སློབ་གྲྭས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་པ། ཚན་ཞིབ་སྲིད་སྐྱོང་གི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་ཐབས་ཇུས་བློ་འདྲིར་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་ལེགས་པར་བྱེད་དགོས། སློབ་གྲྭ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྲོལ་བཟང་པོ་སྐྱོང་སྤེལ་བྱས་ནས་སློབ་མར་སློབ་སྦྱོང་གི་ཆ་རྐྱེན་བཟང་པོ་སྐྲུན་དགོས་པའི་ནན་བཤད་གནང་པ་རེད།