ཚེས30ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན2023ལོའི་ཟླ5པ་ནས་བྱེད་འགོ་ཚུགས་ཤིང་། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་བསྡོམས་འབོར་དང་། གཞི་ཁྱོན་ཕུན་སུམ་ཚོགས་ཚད། ཐོན་ཁུངས་ཀྱི་རིམ་པ་སོགས་ཀྱི་གནས་ཚུལ་གཞི་རྩའི་ཆ་ནས་གསལ་རྟོགས་ཐུབ་ནས་ཡུལ་སྐོར་ཐོན་ཁུངས་ཁྱོན7799ལ་ཡོངས་བཤེར་བྱས་ཡོད།
2025ལོའི་ཟླ་དང་པོའི་ཚེས1ཉིན་གྱི་ཞོགས་པའི་ཉི་གཞོན་འོག་གི་ཕོ་བྲང་པོ་ཏ་ལ།
ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་ཞིང་། གྲོང་ཁྱེར་ནང་དུ་ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། ནོར་བུ་གླིང་ཁ་བཅས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡོད་པ་དང་། བོད་ལྗོངས་ཀྱི་ལྷ་མཚོ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པའི་གནམ་མཚོའང་ཡུལ་སྐོར་བ་མང་པོ་ཞིག་བོད་ལྗོངས་སུ་སྐྱོད་སྐབས་ཡུལ་སྐོར་ལ་སྐྱོད་དགོས་ངེས་ཀྱི་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཀྱང་ཡིན་པར་མ་ཟད། ད་དུང་ཡུལ་སྐོར་བ་ཚོས་ཡིད་སྨོན་ཆེན་པོ་བྱེད་སའི་ཁུག་ཆུང་གངས་རི་འཁྱགས་རོམ་དང་དེ་བཞིན་དགོན་པའི་གནའ་བོའི་སྐྲུན་དངོས་ཀྱང་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བཤེར་བྱས་པའི་ཡུལ་སྐོར་ཐོན་ཁུངས་ཁྲོད་སྤུས་ལེགས་རིམ་པའི་ཐོན་ཁུངས1886ཡོད་པ་དེས་བསྡོམས་འབོར་གྱི24.18%ཟིན་པ་དང་། གསར་དུ་རྙེད་པ་དང་གསར་དུ་ངོས་འཛིན་བྱས་པའི་ཐོན་ཁུངས3884ཡོད་པ་དེས་བསྡོམས་འབོར་གྱི49.8%ཟིན་ཡོད།
རིགས་དང་གྲུབ་ཚུལ་གྱི་ཁྱད་ཆོས་ནས་བལྟས་ཚེ། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་ཁྱོན་ས་ཁམས་མཛེས་ལྗོངས་དང་། ཆུ་ཁོངས་མཛེས་ལྗོངས། སྐྱེ་དངོས་མཛེས་ལྗོངས། འཛུགས་སྐྲུན་དང་སྒྲིག་བཀོད། ལོ་རྒྱུས་ཀྱི་རྗེས་ཤུལ་སོགས་རིགས་ཆེན་པོ་བརྒྱད་དུ་དབྱེ་ཡོད་པ་དང་། ཁྱོན་ཡུལ་སྐོར་ཐོན་ཁུངས7799ཡོད་པ། འཛུགས་སྐྲུན་དང་སྒྲིག་བཀོད་རིགས་ཀྱིས་བསྡུར་ཚད41.22%བཟུང་སྟེ་ཨང་དང་པོར་སླེབས་པ། ས་ཁམས་མཛེས་ལྗོངས་ཀྱིས་བསྡུར་ཚད17.44%བཟུང་སྟེ་ཨང་གཉིས་པར་སླེབས་ཡོད།
རིག་གནས་ཡུལ་སྐོར་ནི་ལྷ་སའི་ཀ་རྟེན་ཐོན་ལས་ཤིག་ཡིན་ཞིང་། བསྡོམས་རྩིས་ལས་མངོན་པར། 2024ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི4324.44ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས15%འཕར་བ་དང་། ཡུལ་སྐོར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར529.28བྱུང་བ་དེ་དུས་མཚུངས་ལས14%འཕར་ཡོད།