“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པའི་སློབ་གསོ་སློབ་ཁྲིད་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དཔེ་མཛོད་ཁང་དུ་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པའི་སློབ་གསོ་སློབ་ཁྲིད་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་དུ་ཁྱད་ལྡན་སློབ་ཁྲིད་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པའི་སློབ་གསོ་སློབ་ཁྲིད་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་བརྟག་ཞིབ་གནང་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་ལ་བཀྲ་ཤིས་ལེགས་ཞུས་པ་དང་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་སློབ་གྲྭའི་ཁོར་ཡུག་དང་དེ་བཞིན་རང་བྱུང་དང་། དཔེ་ཀློག ཡིག་གཟུགས། ལུས་རྩལ་སོགས་ཀྱི་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་། སློབ་གྲྭའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། འཛུགས་སྐྲུན་དང་འཕེལ་རྒྱས། སློབ་གསོ་སློབ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་སྟེ་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོར་ཐེངས་མང་ཞུགས་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཡོད། ཟླ་5ཚེས་27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པར་རྟེན་འབྲེལ་ཞུས་ཏེ། རྒྱ་ཆེའི་ལོ་ཆུང་བྱིས་པར་མངགས་བཅོལ་ཟབ་མོ་གནང་ནས་ཚང་མར་ཐུགས་ཁུར་གཟབ་བཞེས་གནང་ལུགས་མཚོན་པར་གནང་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཚོགས་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་མི་དམངས་སེམས་ནང་འཇོག་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་ཏེ། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལོ་ཆུང་བྱིས་པའི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ཏེ། ཁོང་ཚོས་མི་རིགས་མཐུན་སྒྲིལ་གྱི་སེའུ་འབྲུའི་རྡོག་པོ་ཞིག་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་ལག་ལེན་བསྟར་མཁན་གྱི་མིག་དཔེ་ཆུང་ཆུང་ཞིག་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། དཔེ་མཛོད་ཁང་དུ“ལོ་ཆུང་གདོང་ལེན་རུ་མིའི”དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་སྒང་ཡིན་པ་དང་ཕྲུ་གུ་ཚོས་མཉམ་དུ་བསྡད་ནས་དིང་རི་རྫོང་གྲམ་སོ་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་དང་བརྙན་ལམ་སྦྲེལ་མཐུད་བྱས་ཏེ་རང་ཉིད་དགའ་པོ་ཡོད་པའི་ཀློག་དེབ་ཕན་ཚུན་མཉམ་སྤྱོད་བྱས། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་བྱམས་བརྩེའི་ངང་བཀའ་འདྲི་གནང་ནས་ཁོང་ཚོར་དཔེ་དེབ་སྤྲད་གནང་བ་རེད། “མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཚང་མ་ཁྱེད་ཚོར་ཡོད་པས་ངེས་པར་དུ་མེས་རྒྱལ་ལ་དགའ་ཞེན་དང་། སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་པ། ཆུང་དུས་ནས་ཀུན་སྤྱོད་བཟང་པོ་འཇགས་པ་བཅས་བྱེད་དགོས། དཔེ་དེབ་ཡག་པོ་མང་ཙམ་བལྟས་ཏེ་དེའི་ཁྲོད་ནས་བློ་རིག་དང་སྙིང་བཅུད་བསྡུ་ལེན་བྱས་ནས་འབྱུང་འགྱུར་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་འདོགས་མཁན་ཞིག་བྱེད་དགོས”ཞེས་ཝང་ཅུན་ཀྲེང་གིས་ལྕག་སྐུལ་གནང་བ་རེད།
དེ་རྗེས་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་དུ་ཕེབས་ནས་བུ་བཅོལ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ཕྱི་རོལ་གྱི“རང་བརྟེན་རོལ་རྩེད”སོགས་ཁྱད་ལྡན་སློབ་ཁྲིད་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཕྲུ་གུ་ཚོའི་དགའ་བའི་འཛུམ་མདངས་དང་ཧ་ཅང་གྲུང་ཤ་དོད་ལ་སྣང་ཚུལ་གཟིགས་སྐབས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བུ་བཅོལ་ཁང་གི་དགེ་རྒན་ཚོས་བརྩེ་སེམས་ཟབ་མོ་དང་ངང་རྒྱུད་རིང་པོས་ཕྲུ་གུ་ཚང་མར་ལྟ་རྟོག་ཧུར་ཐག་བྱས་ཏེ། ཁོང་ཚོ་སྤྲོ་སྣང་དང་བདེ་སྐྱིད་ཁྲོད་འཚར་ལོངས་ཐུབ་པ་བྱེད་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་ཞིང་། ཁོང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་དམ་འཛིན་ཏག་ཏིག་བྱེད་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དགེ་སློབ་ཚོས་བློ་བདེའི་ཁ་ལག་བཟའ་རྒྱུ་ཡོང་བར་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་བརྒྱུད་ཕྲུ་གུ་ཚོས་ཤེས་བྱ་ཡག་པོ་སྦྱོང་བ་དང་། གཟུགས་པོར་སྦྱོང་བརྡར་ཡག་པོ་བྱེད་པ། དགའ་ཕྱོགས་མང་ཙམ་འཕེལ་བར་བྱེད་པ། ངལ་རྩོལ་ལག་ལེན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་ཤུལ་འཛིན་མཁན་ཡོད་པའི་འཐབ་ཇུས་མཐོ་ཚད་ཐོག་ལངས་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ལོ་ཆུང་བྱིས་པར་དོ་ཁུར་དང་གཅེས་སྐྱོང་བཅས་བྱས་ཏེ། ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་དང་མཐུན་རྐྱེན་བསྐྲུན་དགོས། རིམ་ཁག་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་དང་ལོ་ཆུང་བྱིས་པའི་ལས་དོན་པས་ཆབ་སྲིད་ཀྱི་ངོ་བོ་དང་རྩ་འཛུགས་ཀྱི་ངོ་བོ་མངོན་གསལ་དོད་དུ་གཏོང་བ་དང་། རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པ། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཚོགས་པ་ཡོངས་ཀྱི་རུ་སྣེ་ཁྲིད་པའི་འགན་འཁྲི་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་གུང་ཁྲན་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་བྱ་རྒྱུར་མཐུན་སྒྲིལ་དང་། སློབ་གསོ། སྣེ་ཁྲིད་བཅས་བྱེད་དགོས། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་སློབ་གསོའི་ལས་དོན་པས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་འཆང་བ། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། མི་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ། སློབ་མར་ཕུགས་བསམ་འཛུགས་པ་དང་། གཤིས་རྒྱུད་ཞུན་བརྡར་བྱེད་པ། ཤེས་བྱ་སྦྱོང་བ། ངལ་རྩོལ་ལ་དགའ་ཞེན་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མཁན་གྱི་ཤེས་ལྡན་པར་ཧུར་ཐག་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། ལང་ཧྥུའུ་ཁོན། མོང་ཞའོ་ལིན་བཅས་ཞུགས་ཡོད།