རྩོམ་སྒྲིག་པའི་མཆན། ཟླ2པའི་ཚེས7ནས་ཟླ2པའི་ཚེས19ཉིན་བར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་། རྩྭ་མདའ་རྫོང་བཅས་མཐའ་མཚམས་རྫོང4ཡི་སློབ་འབྲིང་སློབ་མ26དགེ་རྒན5ཡི་སྣེ་ཁྲིད་འོག་པེ་ཅིང་དུ“མཐའ་མཚམས་ནས་ལམ་ལ་ཆས། ཅིང་ཧྭ་ཡི་ཕུགས་འདུན་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས་པར་བསྐྱོད་ནས། རྒྱལ་དར་སྒྲེང་བར་ལྟ་བ་དང་། ལྕགས་རི་རིང་པོར་འཛེགས་པ། མཐོ་སློབ་ཏུ་བསྐྱོད་པ་བཅས་བྱས་ཤིང་། དེ་ནི་ཕུགས་འདུན་མངོན་འགྱུར་བྱེད་འགོ་ཚུགས་པའི་ཡུལ་སྐོར་ཞིག་རེད་ལ། གཞོན་ནུ་ལོ་ཆུང་གིས་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཤེས་རྟོགས་བྱེད་པ་ཞིག་ཀྱང་རེད།
ཏུང་ཧྭ་མོན་ཁྲོམ་གཞུང་དུ་བསྐྱོད་སྐབས། ཡེ་ཤེས་ལྷ་མོར་མིག་མདུན་གྱི་ཡུལ་ལྗོངས་དག་ལྟ་བས་མི་ངོམ་པའི་སྣང་བ་ཞིག་བྱུང་ཞིང་། ཕོ་བྲང་རྙིང་པ་དང་བར་ཐག་དེ་ཙམ་རིང་པོ་མེད་པའི་ཁྲོམ་གཞུང་དེར་གང་སར་གནའ་ཆས་གྱོན་པའི་མཛེས་མས་ཁེངས་ཡོད། ཁོང་ཚོས་བཟོ་སྟངས་དང་ཁ་དོག་མི་འདྲ་བའི་གནའ་ཆས་སྤུས་ལེགས་གྱོན་པ་དང་། མགོ་བོའི་ཐོག་མཛེས་སྡུག་ལྡན་པའི་མུ་ཏིག་གིས་ཕྲ་རྒྱན་བཏགས་པ། ལག་ཏུ་དར་གོས་དྭངས་མས་བཟོས་པའི་རླུང་གཡབ་སྒོར་སྒོར་རམ་ཡང་ན་སྒྲོ་མཇུག་གིས་བཟོས་པའི་སྒྲོ་གཡབ་འཁྱེར་ནས་ཁེར་རྐྱང་རམ་ཡང་ན་གཉིས་གསུམ་མཉམ་དུ་བསྐྱོད་བཞིན་ཡོད་པ་དེ་ལོ་རྒྱུས་ཀྱི་རི་མོ་ནས་ཐོན་པ་ལྟར་ལོ་ངོ་སྟོང་གི་རྗེས་ཀྱི་འཇིག་རྟེན་གསར་པ་འདིར་བཀྲག་མདངས་ཤིག་བསྣན་བཞིན་མཆིས།
ཡེ་ཤེས་ལྷ་མོས་སྲང་ལམ་གྱི་མཛེས་ལྗོངས་སྣ་ཚོགས་ལ་ཞིབ་ཚགས་ངང་ལྟ་ཁོམ་མ་བྱུང་བར་སློབ་གྲོགས་ཚོ་དང་མཉམ་དུ་ཕོ་བྲང་རྙིང་པའི་ཏུང་ཧྭ་སྒོའི་ནང་འཛུལ། དེ་ནི་ཁོ་མོ“མཐའ་མཚམས་ནས་ལམ་ལ་ཆས། ཅིང་ཧྭ་ཡི་ཕུགས་འདུན་གཏོད”ཅེས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས་པའི་ས་ཚིགས་གཉིས་པ་དེ་ཡིན་ཞིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་གྲོགས་པོ་ཆུང་ཆུང25དང་མཉམ་དུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་གོང་མའི་ཕོ་བྲང་དེར་ལྟ་སྐོར་ལ་ཐེངས་དང་པོ་བསྐྱོད་དེ་གནའ་བོའི་སྐྲུན་དངོས་ལ་ཤེས་རྟོགས་དང་ལོ་རྒྱུས་ཀྱི་ནང་དོན་དག་ཞིབ་པར་ཉན།
གནམ་ཅུང་ཟད་འཐིབ་ཡོད་པས་ཐའེ་ཧོ་དང་། ཀྲུང་ཧོ། པའོ་ཧོ་བཅས་ཕོ་བྲང་ཆེན་པོ་གསུམ་དེ་བས་བརྗིད་ཉམས་ལྡན་པར་མངོན། ལྟ་སྐོར་སློབ་སྦྱོང་ཚོགས་པའི་ཕྲུ་གུ་ཚོས་ཡུལ་སྐོར་སྣེ་ཤན་པའི་རྗེས་སུ་འབྲངས་ཏེ“ཕོ་བྲང་ཆེན་པོ་འདི་དག་དེ་འདྲའི་མུན་ནག་ཆེ་བ་གང་ཡིན་ནམ། གློག་མེད་པ་རེད་དམ” “འདི་ནི་གནའ་བོའི་མི་རྣམས་སྡོད་ས་རེད་དམ” “ཟངས་ཀྱི་སེང་གེ་འདིའི་རྣ་བ་ཐུར་དུ་དཔྱང་དོན་གང་ཡིན་ནམ”ཞེས་པ་སོགས་ཀྱི་དྲི་བ་སྣ་ཚོགས་འདོན་གྱི་ཡོད།
གཅེས་ནོར་ཁང་གི་སྤུས་ལེགས་ཉར་ཚགས་དངོས་པོ་དག་མཐོང་སྐབས་ཚང་མ་ཧ་ལས་ཧང་སངས་བཞིན“དེ་འདྲའི་མཛེས་པ་ལའང”“ངོ་མ་སྤུས་དག་པོ་འདུག”“འདིའི་རིན་གོང་ཧ་ཅང་མཐོ་པོ་ཡོད་ངེས་རེད”ཅེས་ཟེར་གྱི་ཡོད་ལ། ཆུ་ཚོད་འཇོག་ཁང་དུ་ཕྲུ་གུ་ཚོས་སྔོན་ཆད་ཆིང་རྒྱལ་རབས་ཀྱི་སྐབས་ནས་ང་ཚོར་བྱང་ཆུབ་པའི་བཟོ་རྩལ་ཡོད་པས། སྤུས་ཀ་དག་པའི་ཆུ་ཚོད་འཁོར་ལོ་རེ་རེའི་ཐོག་དུས་ཚོད་བརྐོས་ཐུབ་པ་ཤེས་རྟོགས་བྱུང་ཡོད།
སློབ་མ་ཚོས་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།
ཕོ་བྲང་རྙིང་པའི་ཁུལ་དུ་སྐོར་བ་ཐེངས་གཅིག་བརྒྱབ་རྗེས། ཕྲུ་གུ་ཚོའང་དཀའ་ལས་ཁག་སྟེ་ངལ་གསོ་ཅུང་ཙམ་རྒྱག་མ་ཐག་ཡུལ་སྐོར་བྱ་ཡུལ་གཅིག་ཀྱང་ལུས་དོགས་ཀྱིས་ཡ་མཚན་ངང་ཡར་ལངས་ཏེ་ཨ་ཁུ་སྣེ་ཤན་པའི་རྗེས་སུ་འབྲངས་ཀྱི་ཡོད། ལྟ་སྐོར་ལ་བསྐྱོད་པའི་ལམ་བར་དུ་མ་གཞི་ཁོང་ཚོའི་སྐད་ཆ་དག་ཧ་ཅང་སྟབས་བདེ་བ་ཤ་སྟག་ཡིན་མོད། འོན་ཀྱང་བསྔགས་བརྗོད་དག་ནི་སེམས་གཏིང་ནས་བྱས་པ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། འཛུགས་སྐྲུན་གྱི་མཛེས་རིག ཐ་ན་བཟོ་རྩལ་གྱི་ཐབས་རྩལ་བཅས་ལ་ཡ་མཚན་སྐྱེས་པ་དང་རེ་སྒུག་བྱེད་པ་ཞིག་ཡིན།
པེ་ཅིང་ནི་ངོ་མཚར་ཆེ་བའི་གྲོང་ཁྱེར་ཞིག་ཡིན་ཞིང་། བར་ཐག་སྤྱི་ལེ་བཅུ་ལྷག་ཙམ་སོང་ཚེ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ནས་དུས་རབས21པར་སླེབས་ཐུབ། ཕོ་བྲང་རྙིང་པར་ལྟ་སྐོར་བྱས་རྗེས་ཉིན་གཉིས་པར་ལྟ་སྐོར་སློབ་སྦྱོང་ཚོགས་པའི་ཁོངས་མི་ཚོ་སླར་ཡང་ཀྲུང་གོ་ཚན་རྩལ་ཁང་དང་རྒྱལ་ཁབ་ལུས་རྩལ་ཁང་། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་ལ་བསྐྱོད།
བྱང་སྐོར་ལམ་བཞི་པ་དང་ལྔ་པའི་བར་དུ་གནས་པའི་ཀྲུང་གོ་ཚན་རིག་ལག་རྩལ་ཁང་ནི་པེ་ཅིང་དུ་ཡུལ་སྐོར་ལ་ཡོང་མཁན་བྱིས་པ་མང་པོ་ཞིག་གིས་ངེས་པར་དུ་བསྐྱོད་དགོས་ས་ཞིག་རེད། ཚན་རྩལ་ཁང་ཧྲིལ་པོ་ནི་གཞི་རྒྱ་ཅུང་ཆེ་བའི་རྐྱང་གཟུགས་གྲུ་བཞི་ཁ་གང་མ་ཞིག་ཡིན་པ་དང་། ཤིང་དུམ་རྩེད་ཆས་དང་འདྲ་བའི་དུམ་བུ་མང་པོ་ཕན་ཚུན་འབྲེལ་མཐུད་ཀྱིས་གྲུབ་པས“ལུའུ་པན་གྱི་སྒོ་ལྕགས”ཆེན་པོ་ཞིག་དང་འདྲ་ཞིང་། དེ་ལས་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཐབས་མཁས་མཚོན་གྱི་ཡོད། ཐོག་སོ་དང་པོར་སླེབས་མ་ཐག་ལྟ་སྐོར་སློབ་སྦྱོང་ཚོགས་པའི་སློབ་གྲོགས་ཚོ་ཚོམས་ཆེན་དུ་འགྲེམས་སྟོན་བྱས་པའི་རང་རྒྱལ་གྱི་མི་ཞུགས་བར་སྣང་ས་ཚིགས་ཐོག་མ་ཡིན་པའི་སུམ་རྩེན་ས་ཚིགས་ཀྱི་ལྟེ་བའི་ལྷུ་ལག“ཐེན་ཧོ”ལྟེ་བའི་ཚང་ངོ་མས་ཡིད་དབང་བཀུག་ནས། ཁོང་ཚོ་མདུན་དུ་བསྐྱོད་དེ་དངོས་རྫས་ཆེན་པོ་དེར་ལྟ་ཞིབ་བྱས་པ་དང་། སྤོ་དབྱིབས་ཡོལ་བའི་གློག་བརྙན་ཁང་དུ་གློག་བརྙན་ལྟ་བའི་མྱོང་ཚོར་ཧ་ཅང་སྐྱིད་པས། ཕྲུ་གུ་ཚོའི་སྣེ་ཁྲིད་དེ་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་དབྱིངས་ཞུགས་རྣམ་པའི་ངང་ཉམས་ལེན་བྱས།
སློབ་གྲོགས་ཚོས་ཀྲུང་གོ་ཚན་རིག་ལག་རྩལ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
སྤུ་ཧྲེང་རྫོང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་པའི་རིན་ཆེན་མཚོ་མོས“ལྟ་སྐོར་བྱས་རྗེས་ང་ཧང་སངས་བྱུང་། གསར་གཏོད་རེ་རེ་ལས་ང་ལ་འཇིག་རྟེན་གསར་པ་ཞིག་གི་སྒོ་མོ་ཕྱེ་བྱུང་། ད་དུང་ཚོད་ལྟ་བྱེད་ཐབས་མང་པོ་ཞིག་མཐོང་བྱུང”ཞེས་བཤད།
ཀྲུང་གོ་ཚན་རིག་ལག་རྩལ་ཁང་དུ་སློབ་གྲོགས་གསུམ་གྱིས་ལད་ཟློས་ཚོད་ལྟར་ལྟ་ཞིབ་བྱེད་བཞིན་པ།
ཚན་རྩལ་ཁང་ལ་ལྟ་སྐོར་བྱས་རྗེས། སློབ་གྲོགས་ཚོ་སླར་ཡང་ཉེ་འགྲམ་གྱི་ རྒྱལ་ཁབ་ལུས་རྩལ་ཁང་དང་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་བསྐྱོད་ཅིང་། སྐབས་དེར་ས་རིམ་བཞིན་རུབ་ལ། ས་སྲོད་མཚམས་ཀྱི་རྒྱལ་ཁབ་ལུས་རྩལ་ཁང་དང་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་་གློག་འོད་འཚེར། གློག་འོད་སེར་པོ་དང་སྔོན་པོའི་འོད་ནུས་དང་ལྕགས་སྒྲོམ་དང་རླུང་སྔས་ཀྱི་གྲུབ་ཆ་ལས་དེང་རབས་བཟོ་སྐྲུན་གྱི་སྤྱིར་བཏང་མིན་པའི་རྐྱོང་ཤུགས་ཤིག་མངོན་པ་མ་ཟད། གོང་མའི་ཕོ་བྲང་གི་རྒྱ་ཕིབས་དང་ཡང་ཐོག་རི་དྭགས་ཀྱི་གཟུགས་བརྙན་ཁ་གཏད་དུ་གནས་ནས། པེ་ཅིང་གི་ལོ་རྒྱུས་ཡུན་རིང་དང་གསོན་ཤུགས་མཉམ་གནས་ཀྱི་གྲོང་ཁྱེར་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད།
“པེ་ཅིང་དུ་འབྱོར་སྐབས་ང་རང་སྒོ་མོ་ཆེན་པོ་ཞིག་གི་ནང་འཛུལ་བ་དང་འདྲ་བར། ལོ་རྒྱུས་དང་དེང་རབས་མཉམ་འདྲེས་བྱུང་བའི་ཚོར་སྣང་བྱུང”ཞེས་སྒར་རྫོང་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཀརྨ་ཡེ་ཤེས་ལྷ་འཛོམས་ཀྱིས་རང་ཉིད་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས།
མཐའ་མཚམས་ནས་རྒྱལ་ས་བར་མེས་རྒྱལ་གྱི་ས་གཞི་ཆེན་མོ་གང་སར་མཛེས་ལྗོངས་ཀྱིས་ཁེངས་ཤིང་། བོད་ལྗོངས་མཐའ་མཚམས་རྫོང་ཁག་ནས་ཡོང་བའི་ཕྲུ་གུ་ཚོས་དཔྱིད་དུས་སུ་པེ་ཅིང་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་དག་མྱོང་ཚོར་ཐུབ་ཡོད།