མདུན་ཤོག > མདུན་ཤོག > གསར་འགྱུར་མེ་ལོང་།

མུན་སེལ་གློག་དྲ་རྒྱ་ཆེར་བསྐྲུན། མི་སེར་ཀུན་ལ་འོད་སྣང་སྦྱིན།

2020-08-26
          རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། བོད་ཀྱི་གློག་ཤུགས་མི་སྣ་མི་རབས་དུ་མས་ས་མཐོར་གཞིས་ཚུགས་ནས་ངལ་བ་ཁྱད་དུ་བསད་དེ་འབད་འབུངས་མདུན་སྐྱོད་བྱས་ཤིང་། ཁོང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས“འོད་སྣང”གི་བསྟོད་གླུ་ཞིག་བརྩམས་ཡོད།
          གློག་ཁང་བསྐྲུན་ནས་མང་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་བ།
          《གྲོང་གསར་བསྐོར་བའི》གླུ་གཞས་ཁྲོད་བརྗོད་པའི་རྔ་ཆེན་ཞེས་པ་ནི་1965ལོར་བསྐྲུན་ནས་གློག་བཏང་བའི་རྔ་ཆེན་གློག་ཁང་ལ་ཟེར། “སྐྱིད་ཆུའི་ངོགས་ཀྱི་མུན་གསལ་མུ་ཏིག”ཅེས་འབོད་པའི་གློག་ཁང་ལས་ལྷ་སའི་མི་དམངས་ཀྱིས་སྣུམ་ཞུ་དང་སྒྲོན་མེ་ཤིང་ལ་བརྟེན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
          རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་སྐབས་སུ་ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་་8000ལྷག་ཙམ་ཟིན་པ་དང་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་2600ཟིན་པ་དེ་ཆན་ཕུའུ་35ཟིན་པའི་ལྷ་སའི་གློག་དྲའི་ཐོག་མའི་རྣམ་པ་རེད། ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དང་གྲོང་རྡལ་ཉུང་ཤས་ཕུད། ས་ཁུལ་གཞན་དུ་སྤྱིར་ན་གློག་མེད། དེ་རྗེས་ཀྱི་དུས་ཡུན་རིང་པོ་ཞིག་ནང་བོད་ཀྱི་གློག་ཤུགས་འཕེལ་རྒྱས་དེས། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་ལས་གློག་ཤུགས་ཐད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་སྐོང་ཐབས་བྲལ་ནས། བོད་ཀྱི་གློག་དྲ་དུས་ཡུན་རིང་པོ་ཞིག་གློག་དཀོན་པའི་གནས་སུ་གྱར་ཡོད་ཅེས་གསར་འགོད་པར་བཤད། 
          དུས་རབས་20པའི་ལོ་རབས་60པ་ནས་ལོ་རབས་90པའི་བར། རྔ་ཆེན་གློག་ཁང་དང་། ཡངས་པ་ཅན་ས་འོག་ཚ་ནུས་ཚོད་ལྟའི་གློག་ཁང་། ཡར་འབྲོག་གཡུ་མཚོའི་ཆུ་འཐེན་ནུས་གསོག་གློག་ཁང་སོགས་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་པའི་གློག་ཁང་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་བོད་ཀྱི་གློག་དྲའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གློག་དཀོན་པའི་སྣང་ཚུལ་ཞི་ལྷོད་དུ་ངེས་ཅན་སོང་ཡོད།
          དུས་རབས་21པའི་དུས་འགོར། བོད་ཀྱི་གློག་ཤུགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཤིང་། ཆབ་མདོའི་གསེར་ཆུ་གློག་ཁང་དང་། ལྷ་སའི་འབྲི་གུང་གློག་ཁང་། མངའ་རིས་སེང་གེ་ཁ་འབབ་གློག་ཁང་། ཉིང་ཁྲིའི་ཞོ་ཁ་གློག་ཁང་། དངོས་ཨ་འཕྲང་གློག་ཁང་། ལྷ་སའི་བར་བརྒལ་གློག་ཁུངས་དང་ཕུ་མདོ་དང་རྫམ་སོགས་རྐང་འཛིན་གློག་ཁང་ཁག་གཅིག་སྔ་རྗེས་སུ་བསྐྲུན་པ་ལས་བོད་ཀྱི་གློག་དྲའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཇེ་ཆེར་ཕྱིན་ཡོད།
          2015ལོར་དྭགས་པོ་གློག་ཁང་བསྐྲུན་འགོ་ཚུགས་ཤིང་། 2021ལོར་གློག་འདོན་འཕྲུལ་འཁོར་ཐོག་མ་ནས་གློག་གཏོང་རྒྱུ་དང་2022ལོར་ལས་མཇུག་འགྲིལ་རྒྱུ་རེད།
          2020ལོའི་ཟླ་8ཚེས་11ཉིན། རྒྱལ་ཁབ་གཙོ་གནད་ལས་གྲྭ་རྒྱ་ཚ་གློག་ཁང་གི་འཕྲུལ་ཙུའུ་ཐོག་མས་ཆུ་ཚོད་72འཁོར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་ནས་དངོས་སུ་གློག་བཏང་ཡོད། རྒྱ་ཚ་གློག་ཁང་ནི་བོད་ཀྱི་མིག་སྔའི་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་ཆེ་ཤོས་ཀྱི་གློག་ཁང་ཞིག་ཡིན་པ་དང་འཕྲུལ་འཁོར་རྐྱང་པ་ནས་གློག་འདོན་ཚད་ཀྲའོ་ཝ་120ཟིན་གྱི་ཡོད།
          “2019ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་358.67ཟིན་པ་དང་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་77.6ཟིན་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་བཤད། 
          གློག་དྲ་བསྐྲུན་ནས་མི་སེར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་འོད་སྣང་སྦྱིན་པ།
          2020ལོའི་ཟླ་3ཚེས་27ཉིན། “3•28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་ཉིང་ཁྲིའི་བྲག་གསུམ་མཚོའི་ངོགས་སུ་གནས་པའི་མཚོ་མགོ་གྲོང་ཚོར་ནོར་བུ་ཚེ་རིང་གིས་བེ་ཤ་ལས་སྣོན་བཟོ་གྲྭ་དང་གྲང་ཉར་མཛོད་ཀྱི་འགྲོ་ལུགས་གཉེར་མཇུག་འགྲིལ་ནས་གྲོང་མིའི་སྣེ་ཁྲིད་དེ་མཉམ་དུ་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།
          “གློག་སྤྱོད་པ”ནས“གློག་ཡག་པོ་སྤྱོད་པའི”བར་དང་སྤོ་བོ་ལགས་ཀྱི་བསམ་འདུན་ནས་ཁོང་གི་ལས་སྣོན་བཟོ་གྲྭའི་བར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བ་བསྐྱལ་རྒྱུ་བྱུང་བ་ལས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
          ལོ་52ལ་སླེབས་པའི་ནོར་བུ་ཚེ་རིང་ནི་མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེད་ལ། ཞིང་བྲན་གྱི་ཕྲུ་གུ་ཞིག་ཀྱང་རེད། ཆུང་དུས་གློག་མེད་པས་སྣུམ་ཞུ་དང་སྒྲོན་མེ་ཤིང་ལ་བརྟེན་དགོས་ཀྱི་ཡོད། སྐབས་དེ་དུས་སྤོ་བོ་ལགས་ཀྱི་བསམ་འདུན་ཆེ་ཤོས་ནི་མི་ཚེ་འདིའི་ནང་གྲོང་ཚོར་གློག་ཁྲིད་རྒྱུ་དེ་རེད། 1998ལོར་གྲོང་ཚོའི་ནང་གློག་ཐོག་མར་ཁྲིད་པ་དང་གློག་སྤོར་སྐབས་སྤོ་བོ་ལགས་ཀྱི་འཛུམ་མདངས་དེ་ནོར་བུ་ཚེ་རིང་གི་སེམས་ཀྱི་བག་ཆགས་ཟབ་ཤོས་དེ་རེད།
          2017ལོར་ཞིང་འབྲོག་མང་ཚོགས་ལ་གློག་ཡག་པོ་སྤྱོད་རྒྱུ་ཡོང་བ་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭ་ལག་ལེན་བསྟར་ཞིང་། མཚོ་མགོ་གྲོང་ཚོའང་དེའི་གྲས་སུ་ཚུད་ཡོད། གནས་ཚུལ་དེ་གོ་ཐོས་བྱུང་རྗེས་ནོར་བུ་ཚེ་རིང་ལ་དགའ་བ་དཔག་མེད་བྱུང་བ་དང་། གྲོང་མི་ཚོས་ཇ་སྲུབ་འཕྲུལ་ཆས་དང་འཁྱག་སྒམ་སོགས་ཁྱིམ་ཆས་ཉོས་པ་མ་ཟད། ད་དུང་ལས་སྣོན་བཟོ་གྲྭ་སོགས་ཀྱང་བཙུགས་ཡོད།
          ཞིང་འབྲོག་མང་ཚོགས་ཚོས་གློག་སྤྱོད་ཐུབ་པ་དང་གློག་ཡག་པོ་སྤྱོད་ཐུབ་པ་བྱ་ཆེད། བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་གྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ཞིག་འགྲིམས་ཡོད།
          1981ལོར་བོད་ཀྱི་ཆན་ཕུའུ་110ཟིན་པའི་གློག་སྒྱུར་གློག་ལམ་ཐོག་མ་དེ་འཁྲིད་ཅིང་། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་བོད་ཀྱི་བོད་དབུས་གློག་དྲའི་རྣམ་པ་རགས་ཙམ་གྲུབ་ཡོད།
          2018ལོར་བོད་ལྗོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་བསྐྲུན་འགོ་ཚུགས་པ་དང་2020ལོའི་ཟླ་6ཚེས་28ཉིན་བདེ་བླག་ངང་ལས་མཇུག་འགྲིལ་ཡོད། ལས་གྲྭའི་ཕན་པ་རྫོང་69ཡི་ཤང(གྲོང་རྡལ)350ཡི་གྲོང་ཚོ་4860ལ་ཐོབ་པ་དང་དུད་ཚང་ཁྲི་23གྱི་ཞིང་འབྲོག་མང་ཚོགས་ཁྲི་67.2ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་བཅོས་བྱུང་ཡོད།
          2019ལོའི་ཟླ་9པར། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་མཐུད་ལས་གྲྭ་ལས་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
          རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་གློག་དྲར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་གློག་དྲ་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ། དུས་ཡུན་རིང་པོའི་ནང་གློག་དཀོན་པའི་བོད་ཀྱི་གློག་དྲའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱུང་བ་དང་། བོད་ཀྱི་ཆུ་གློག་སོགས་ནུས་རྒྱུ་གཙང་མ་གསར་སྤེལ་ཕྱིར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ནུས་རྒྱུ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་གྱུར་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
          གློག་ཤུགས་སྲུང་སྐྱོང་བྱས་ཏེ་བདེ་འཇགས་འཁོར་སྐྱོད་ཡོང་བའི་འགན་ལེན་བྱས་པ།
          གསོ་རླུང་དཀོན་པའི་རྐྱེན་གྱིས་དམར་སྨུག་ཏུ་གྱུར་པའི་ངོ་གདོང་དང་། གངས་ཕྱིད་ཐེབས་པའི་རྐྱེན་གྱིས་མིག་རྩ་དམར་པོར་གྱུར་པའི་མིག་ཟུང་། གྲང་ངར་ཆེ་བའི་རྐྱེན་གྱིས་འཁྱགས་སྦོས་ཐེབས་པའི་ལག་ཟུང་སོགས་ལས་བོད་ཀྱི་གློག་ཤུགས་སྲུང་སྐྱོང་ལས་དོན་པའི་དཀའ་ཚེགས་རང་བཞིན་མཐོང་ཐུབ།
          དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པའི་ཝང་ཧང་ནི་ཁྲོན་བོད་གློག་དྲ་སྦྲེལ་མཐུད་ལས་གྲྭའི་གློག་ཤུགས་ཞིབ་བཤེར་ཉམས་བཟོ་བ་ཞིག་རེད།
          “ཁྲོན་བོད་གློག་དྲ་སྦྲེལ་མཐུད་ལས་གྲྭ་ནི་ད་བར་འཛམ་གླིང་ཐོག་རྙོག་འཛིང་ཆེ་ཤོས་དང་འཛུགས་སྐྲུན་གྱི་འགྲན་སློང་ཆེ་ཤོས་ཡིན་པའི་ས་མཐོའི་གློག་སྒྱུར་ལས་གྲྭའི་གྲས་ཤིག་རེད”ཅེས་ཝང་ཧང་གིས་གསར་འགོད་པར་དེ་ལྟར་བཤད།
          སྨར་ཁམས་རྫོང་ནས་ཞིབ་བཤེར་ཉམས་བཟོ་བྱ་རྒྱུའི་གློག་ཤིང་མཐོ་ཤོས་བར་ལ་ལམ་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པ་དང་རླངས་འཁོར་གྱིས་སྤྱི་ལེ་1རེ་བསྐྱོད་རིམ་བཞིན་ས་བབ་མཐོ་དམན་ཆ་སྙོམས་སྨི་20ཙམ་གྱིས་ཆོད་པ་དང་སྤྱི་ཡོངས་ཀྱི་ས་བབ་མཐོ་དམན་གྱི་ཁྱད་པར་སྤྱིར་ན་སྨི་1000ཟིན་གྱི་ཡོད། ལས་ཀར་ཞུགས་མ་ཐག་པའི་ཝང་ཧང་གི་ངོས་ནས་བརྗོད་ན། ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་གློག་ཤིང་སྟེང་ཞིབ་བཤེར་ཉམས་བཟོ་བྱ་རྒྱུ་ནི་འགྲན་སློང་ཞིག་རེད། ཁོང་གིས་མགོ་ན་བ་དང་བྲང་ཁོག་བསྡམས་པ་སོགས་ཐོག་མར་མྱོང་ཚོར་ཐུབ་ཡོད། མ་གཞི་གསོ་རླུང་ཟམ་མི་ཆད་པར་བརྔུབས་ཀྱང་ད་དུང་དབུགས་གཏོང་དཀའ་བ་དང་རྣ་ཅོག་རྦད་དེ་འགག་ནས་སིང་སྒྲ་མ་གཏོགས་གཞན་གང་ཡང་ཐོས་རྒྱུ་མེད། ས་བབ་མཐོ་ཚད་སྨི་4700ཟིན་པའི་རི་རྩེར་སླེབས་རྗེས་ཝང་ཧང་ལ་ལ་དུག་དེ་བས་ཆེ་བ་ཕོག་ཡོད། རུ་ཁག་གི་འགན་འཁུར་བ་ཝང་ཁྲུའུ་ཡིས“ཝང་ཧང་། དེ་རིང་རང་ངལ་གསོ་རྒྱག་པར་ལོག་ཅིག འདི་གའི་ཁོར་ཡུག་དང་གནམ་གཤིས་ལ་འཕྲོད་རྗེས་ལས་ཀར་ཡོང་ན་འགྲིག”ཅེས་བཤད་ཀྱང་ཝང་ཧང་གིས་མ་ཉན་པར་སྡུག་རུས་བྱེད་ཐུབ་པ་འདུག་ཅེས་བཤད་པས་མཐར་འགན་འཁུར་བའང་ན་གཞོན་དེས་ཨུ་ཚུགས་བྱས་པར་ངོ་མ་གཅོག་པར་མཉམ་དུ་འཁྲིད་དེ་རྐང་ཐང་མར་གློག་ཤིང་ཡོད་སར་བསྐྱོད།
          གློག་ཤིང་དང་བར་ཐག་སྨི་30ཡོད་པའི་གྲོག་ཤུར་ཞིག་ཏུ་སླེབས་སྐབས་ཉམས་མྱོང་མེད་པའི་ཁར། རི་ཡུན་རིང་འཛེགས་པས་ཝང་ཧང་ལ་ལ་དུག་ཚབས་ཆེན་ཕོག་ནས་རང་དབང་མེད་པར་འདར་སིག་ཤོར། བདེ་འཇགས་པ་ཞུས་ཤུས་ཀྱིས་ཐོག་མར་སྣང་ཚུལ་དེ་མཐོང་འཕྲལ་ཝང་ཧང་སྐྱོར་བར་སོང་ནས་གསོ་རླུང་རྔུབ་ཏུ་བཅུག སྐར་མ་བཅུ་གྲངས་སོང་རྗེས་ཝང་ཧང་གི་དམར་སྨུག་ཏུ་གྱུར་པའི་མཆུ་ཏོར་གཞི་ནས་དམར་མདངས་ཕྲན་ཙམ་ཐོན། ཝང་ཁྲུའུ་ཡིས་ཝང་ཧང་ལ་གཟུགས་པོའི་གནས་ཚུལ་སྐད་ཆ་དྲིས་རྗེས་སླར་ཡང་ཁོང་ལ་ཕྱིར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཀྱང་ཝང་ཧང་གིས་ཨ་ན་ཨུ་ཚུགས་ཀྱིས་མུ་མཐུད་བསྡད། ཁོང་གིས“ལོ་བཤེར་ལས་དོན་ནི་ལས་འགན་ལྕི་པོ་ཡིན་པའི་ཁར། ཚོགས་ཆུང་ལ་མ་གཞི་ནས་ལས་མི་འདང་གི་མེད་པས་ང་རང་དགར་ལོག་ཕྱིན་ན་ག་ལ་འགྲིག”ཅེས་བཤད། དེ་ཉིན་ལས་ཀ་ཚར་རྗེས་ཝང་ཧང་གིས་མྱོང་ཚོར་ཟབ་མོས“ཁྲོན་བོད་གློག་དྲ་སྦྲེལ་མཐུད་ལས་གྲྭའི་འཛུགས་སྐྲུན་པར་གུས་འདུད་ཞུ་རྒྱུ་ཡིན། ང་ཚོས་ལོ་བཤེར་གྱི་ལས་ཀ་ལེགས་པར་བསྒྲུབས་ནས་མཁའ་ལམ་འདི་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།
          ཝང་ཧང་དང་འདྲ་བའི་གློག་ཤུགས་ལས་དོན་པ་གྲངས་མེད་ཀྱིས་ལག་གདང་སྦྲེལ་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ་ང་ཚོའི“འོད་སྣང”ལྡན་པའི་འཚོ་བ་སྲུང་སྐྱོང་བྱེད་བཞིན་ཡོད།