ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ཀྱི་རྒུན་ཆང་ཐོན་སྐྱེད་ཁེ་ལས་དང་པོ་བོད་ལྗོངས་སྨར་ཁམས་བོད་ཤར་དཀོན་ནོར་ཆང་ལས་ཚད་ཡོད་ཀུང་སི་ནི་2009ལོར་བཙུགས་པ་དང་2011ལོར་དངོས་སུ་ཚོར་གཉེར་བྱེད་འགོ་ཚུགས་ཤིང་། ད་ཆ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་སྣེ་འདྲེན་ཁེ་ལས་སུ་གྱུར་ཡོད།
ཀུང་སིའི་རྒྱ་ཁྱོན་ལ་མུའུ་375ཡོད་ཅིང་། རྒུན་འབྲུམ་སྙོལ་ཁང་2དང་། ཐུམ་སྒྲིལ་འཁོར་ཁང་། ཚན་ཞིབ་ལྟེ་གནས། མཛོད་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་སྦྲེལ་ཞིག་བཙུགས་ཡོད། ལུང་ཤུར་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་2900ཙམ་ལས་མེད་པའི་འཇང་མི་རིགས་ཤང་གི་ཤར་ནས་འབྲི་ཆུ་དང་ནུབ་ནས་ཟླ་ཆུ་རྒྱུག་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁར། ཉི་འོད་ཕོག་ཡུན་རིང་བ། སྐམ་ཤས་ཆེ་རུང་ཆུ་དཀོན་པོ་མེད་པ་བཅས་ཀྱི་རང་བྱུང་ཆ་རྐྱེན་ལྡན་པས། རྒུན་འབྲུམ་འདེབས་པའི་ཁོར་ཡུག་ལེགས་པ་དང་འབུའི་གནོད་འཚེ་ཆུང་བའི་མཐུན་རྐྱེན་ལྡན་པ་མ་ཟད། ཞིང་སྨན་དང་རྫས་ལུད་རྒྱག་མི་དགོས་སྟབས། སྤུས་ཀ་དག་ཅིང་སྦགས་བཙོག་མེད་པའི་རྒུན་ཆང་བཟོ་ས་ཡག་ཤོས་ཤིག་རེད།
2009ལོའི་ཟླ་5པར་ཕྱིར་སློབ་སྦྱོང་བྱེད་བཞིན་པའི་བློ་བཟང་ཚེ་རིང་ཕ་ཡུལ་དུ་ལོག་ནས་ས་གནས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་ཆེད་རྒུན་ཆང་རིག་པའི་འབུམ་རམས་པ་ཀའོ་ཅེ་དང་མཉམ་དུ་བོད་ལྗོངས་སྨར་ཁམས་བོད་ཤར་དཀོན་ནོར་ཆང་ལས་ཚད་ཡོད་ཀུང་སི་བཙུགས་ཏེ། འཛམ་གླིང་ས་བབ་མཐོ་ཤོས་ཀྱི་རྒུན་ཆང་སྙོལ་འགོ་བཙུགས་པ་དང་སྦྲགས། ཐོན་རྫས་ཀྱི་མིང་ལ་བདག་དམར་གཡང་ཞེས་བཏགས།
2009ལོ་ཚུན། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཚན་པ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཀུང་སིའི་ཐོན་རྫས་རིན་ཐང་ལོ་རེ་བཞིན་འཕར་བ་དང་ཆབས་ཅིག སྤུས་ཀའང་སྔར་བཞིན་ལེགས་སུ་ཕྱིན་པས། ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། 2018ལོར་རྒུན་འབྲུམ་རིགས་དབྱེའི་སྒྲིག་ཆས་ནང་འདྲེན་བྱས་ནས་མ་བཅོས་རྒྱུ་ཆར་སྔར་ལས་ལྷག་པའི་སྒོ་ནས་ཧྲག་འདེམས་བྱས་ཏེ། བདག་དམར་གཡང་རྟགས་ཅན་རྒུན་ཆང་གི་བྲོ་བ་དང་དྲི་ཞིམ་སོགས་གང་ས་ཅི་ཐད་ནས་ལེགས་སུ་བཏང་བས། བདག་དམར་གཡང་རྟགས་ཅན་རྒུན་ཆང་གི་ཐོན་རྫས་རབ་དང་རིམ་པ་ཆབ་མདོ་གྲོང་ཨུད་དང་སྲིད་གཞུང་གིས་ཇ་རྟའི་གནའ་ལམ་སྒྱུ་རྩལ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཞུ་བའི་དུས་ཆེན་གཏོང་རིང་གི་ཆེད་སྤྱོད་མཆོད་ཆང་ལ་བདམས་པ་མ་ཟད། 2014ལོར་ཀུང་སི་དེ་བོད་རང་སྐྱོང་ལྗོངས་ཀྱི་སྣེ་འདྲེན་ཁེ་ལས་སུ་བདམས། 2015ལོར་ལྗོངས་ཚན་རྩལ་ཐིང་སོགས་ཚན་པའི་རོགས་རམ་འོག བོད་ལྗོངས་ས་མཐོའི་རྒུན་འབྲུམ་རྟེན་གཞི་བསྐྲུན་པ་དང་རྒུན་འབྲུམ་སྙོལ་བའི་ལག་རྩལ་ཞིབ་འཇུག་ལྟེ་གནས་གཅིག་པུ་དེ་བཙུགས་པ་རེད། དེས་མ་ཚད། 2017ལོར་ཨེ་ཤེ་ཡའི་རྒུན་ཆང་སྤུས་ཚད་འགྲན་སྡུར་ཆེན་པོའི་སྐབས་བདག་དམར་གཡང་རྟགས་ཅན་གྱི་རྒུན་ཆང་ལ་གསེར་གྱི་རྟགས་མ་རག་ཡོད།

ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀུང་སིས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་དེ་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་ཁེ་ལས་ཀྱིས་ལག་རྩལ་མཁོ་འདོན་བྱས་པ་མ་ཟད། རྒུན་འབྲུམ་འདེབས་མཁན་དུད་ཚང་ལ་རྒུན་འབྲུམ་གྱི་རིན་གོང་ཁྲོམ་རའི་ཆ་སྙོམས་རིན་གོང་ལས་10%ཡི་མཐོ་བ་སྤྲད་དེ་ཉོས་པ་དང་། མཐུན་ཚོགས་ཀྱིས་འདེབས་འཛུགས་དང་། དོ་དམ། ཉོ་སྒྲུབ་སོགས་ཀྱི་ལས་དོན་མཐུན་སྦྱོར་བྱས་པ། ཞིང་དུད་ཀྱིས་དོན་དངོས་དང་བསྟུན་ནས་ཞིང་ནང་དང་ཐང་རྒོད་དུ་རྒུན་འབྲུམ་འདེབས་པ་བཅས་བྱས་པས། ས་གནས་དེ་གའི་མང་ཚོགས་ཀྱི་རྒུན་འབྲུམ་འདེབས་འཛུགས་ལས་རིགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས་ཆུ་ཚན་ཁ་ཤང་སོགས་མཐའ་འཁོར་གྲོང་ཚོས་གཞི་ཁྱོན་ཆེ་བའི་རྒུན་འབྲུམ་བཏབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གསོག་པའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།

བོད་ལྗོངས་སྨར་ཁམས་བོད་ཤར་དཀོན་ནོར་ཆང་ལས་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་། ཀུང་སིས་ཕྱུག་འགྱུར་སྣེ་ཁྲིད་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་དམིགས་ཡུལ་བཅངས་ཡོད། 2016ལོའི་ཟླ5པར་ཀུང་སིས “བདག་དམར་གཡང་དབུལ་སྐྱོར་གཞུང་ལས་ཁང ” བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་30(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་མི་4ཚུད་པ)ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ལོ་ལྟར་ཞིང་འབྲོག་པ་700ལྷག་ཙམ་ཀུང་སིར་དུས་ཐུང་ལས་ཀ་བྱས་ནས་ཡོང་འབབ་གསོག་གི་ཡོད། མིག་སྔའི་ཀུང་སིའི་དབུལ་སྐྱོར་བྱེད་ཐབས་གཙོ་བོ་ནི། ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། ལག་རྩལ་དབུལ་སྐྱོར། སློབ་གསོར་རོགས་སྐྱོར། སྨན་བཅོས་རོགས་སྐྱོར། ཉེན་ཡོད་ཁང་པ་བསྐྱར་སྐྲུན་སོགས་ཡིན་པ་མ་ཚད། ད་དུང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་གཞན་དག་ཀྱང་སྤེལ་བཞིན་ཡོད་པ་རེད།