མདུན་ཤོག > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

2020-08-20
         ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བདུན་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད་དང་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་དོ་དམ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།  
         ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་དང་གཞོན་ནུའི་ལས་དོན་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོ་གལ་ཆེན་པོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། གཞོན་ནུའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ་སྟེ།
         གཅིག་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།  
         གཉིས་ནས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་དགོས། 
         གསུམ་ནས་གཞོན་ནུའི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས།  
         བཞི་ནས་གཞོན་ནུའི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།  
         ལྔ་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས།  
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འབྲེལ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་། འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་ནས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དེ་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།  མི་རིགས་ཁག་དབར་ཕན་ཚུན་དགའ་ཞེན་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱ་རྒྱུར་སྐུལ་ལྕག་དང་སྐུལ་འདེད་གཏོང་བ་དང་།  འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཏོད་རྒྱུར་ཕན་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བཏོད་དེ་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། 
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསམ་འཆར་དང་རང་སྐྱོང་ལྗོངས་ཀྱི་ཞིབ་ཕྲའི་བྱེད་ཐབས་ལག་བསྟར་ནན་ཏན་བྱེད་པ། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། 
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མིག་སྔའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་གེགས་འགོག་དང་གནོད་འཚེ་ཉུང་གཏོང་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ།  འགན་འཁྲི་འཁུར་ཕོད་མིན་དང་དོན་འཁྱོལ་བྱས་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་པོ་དང་། ལས་འགན་རིམ་གྱིས་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་རིམ་གྱིས་དོན་འཁྱོལ་བྱེད་པ། གནོན་ཤུགས་རིམ་གྱིས་སྤྲོད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོ་འཆམ་མཐུན་གྱི་ཞོ་སྟོན་གཏོང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་འཕྱུགས་པ་མེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་འགན་ལེན་བྱེད་དགོས། 
རྩོམ་སྒྲིག་པ། སངས་སྐྱབས།