མདུན་ཤོག > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐོར་གྱི་དྲི་བ་དྲིས་ལན།

2020-08-19

         ཉེ་སྔོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ་ཡིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། བྱིས་སྐྱོང་གླིང་དང་བྱིས་གཉོར་ཁང་སོ་སོས་བེད་སྤྱོད་བཏང་ཆོག་པའི《སྟོན་དགུན་དུས་ཚིགས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་ཇུས་གཞི》(གསར་སྒྱུར་པར་གཞི།)ཞེས་པ་འགྲེམས་སྤེལ་བྱས་ཤིང་། སྟོན་དུས་ཀྱི་སློབ་སྐབས་གསར་པ་འགོ་ཚུགས་པའི་ལས་ཀ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་འགོ་ཚུགས།   《ཇུས་གཞི》ཡི་ནང་དུ་སློབ་འགོ་མ་ཚུགས་པའི་སྔོན་གྱི་གྲ་སྒྲིག་དང་། སློབ་གྲྭ་འཚོག་རྗེས་ཀྱི་དོ་དམ། སྐབས་བསྟུན་ཐག་གཅོད་སོགས་ཀྱི་གནས་ཚུལ་མི་འདྲ་བར་མཛུབ་སྟོན་བྱས་ཡོད་པར་མ་ཟད། ཚང་མས་དོ་ཁུར་བྱེད་པའི་ཁ་རས་རྒྱག་པའི་གནད་དོན་སྐོར་ལའང་ལན་བཏབ་ཡོད་པ་རེད།ཚེས15ཉིན། སློབ་གསོ་པུའུ་ཡི་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥེང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། དོ་ཁུར་བྱེད་པའི་གནད་དོན་དེ་དག་ལ་ལན་བཏབ།
         01རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་སློབ་ཆེན་པ་རྣམས་སློབ་གྲྭ་དང་ཁ་བྲལ་ན་ཆོག་གམ།
         དྲི་བ། སློབ་འགོ་ཚུགས་ནས་ཡུན་རིང་མ་འགོར་བར།  “རྒྱལ་སྟོན་དུས་ཆེན”གྱི་གུང་གསེང་ལ་སླེབས་སྲིད། འོ་ན་གུང་གསེང་སྐབས་སུ་སློབ་མ་རྣམས་ཕ་ཡུལ་ལ་ལོག་ཆོག་གམ། ཉེན་ཁ་ཆུང་བའི་ས་ཁུལ་དུ་རྩེ་རུ་སོང་ན་ཆོག་གམ།
         སློབ་གསོ་པུའུ་ཡི་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥེང་གིས་བཤད་རྒྱུར། རྩ་དོན་ལྟར་ན་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་རང་སོ་སོའི་དངོས་ཡོད་གནས་ཚུལ་ལྟར་གཏན་འབེབས་བཟོ་དགོས། ཡིན་ནའང་དོན་དངོས་ཐོག་བསམ་གཞིགས་ཤིག་བཏང་ན། གལ་ཏེ་སློབ་གྲྭ་ཆེན་མོ་བ་དག“རྒྱལ་སྟོན་དུས་ཆེན”གྱི་གུང་གསེང་སྐབས་སུ་ཕ་ཡུལ་དུ་ལོག་དགོས་པའམ།  ཡང་ན་ཕྱི་ཡུལ་དུ་ལྗོངས་རྒྱུར་འགྲོ་དགོས་ཚེ། ཁོ་རང་ཕྱིར་ལོག་ཡོང་དུས། སྟོན་དུས་ཀྱི་སློབ་སྐབས་འགོ་ཚུགས་མ་ཐག་པའི་བླང་བྱ་དང་གཅིག་མཚུངས་ཡིན། དེ་བས་དོན་དག་འདི་སློབ་གྲྭ་སོ་སོ་རང་སྒེར་གྱིས་ཐག་གཅོད་བྱེད་དགོས་ཞེས་བཤད།
         02“སློབ་གྲྭ་འཚོག་གང་ཐུབ་བྱེད་དགོས། ”སྟོན་དུས་ཀྱི་སློབ་འགོ་ཚུགས་དུས་ངེས་པར་དུ་རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་གོ་རིམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས།
         དྲི་བ། སློབ་གསོ་པུའུ་ཡི་བརྡ་ཐོའི་ནང་སྟོན་དུས་སློབ་འགོ་ཚུགས་པའི་སྐབས་རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ཁྲིམས་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད། འོ་ན་རིམས་ནད་ཀྱི་གནས་ཚུལ་འོག  ཐེངས་འདིའི་ཁྱོན་ཡོངས་ནས་སློབ་འགོ་རྒྱུན་ལྡན་ལྟར་ཚུགས་དགོས་ཞེས་པར་གོ་བ་ཅི་ལྟར་ལེན་དགོས་སམ།   “སློབ་གྲྭ་འཚོག་གང་ཐུབ་བྱེད་དགོས”པ་རེད་དམ།
         ཝང་ཏེང་ཧྥེང་། རེད་ལགས། རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས་ཞེས་པ་ནི། དོན་དངོས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གཟབ་ནན་སྒོས་དོན་འཁྱོལ་ཡོང་བའི་སྔོན་འགྲོའི་འོག སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ལམ་ཡོངས་ཡར་སྔོན་ལྟར་རྒྱུན་ལྡན་གྱི་སློབ་ཁྲིད་ཀྱི་བཀོད་སྒྲིག་སླར་གསོ་བྱས་ཏེ། རྒྱུན་ལྡན་ངང་སློབ་འགོ་ཚུགས་པ་དང་། རྒྱུན་ལྡན་གྱིས་སློབ་སྦྱོང་བྱེད་དགོས་པ་དེ་ཡིན།
         སློབ་གསོའི་མ་ལག་ལ་མཚོན་ནས་བཤད་ན། རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་བར་གནད་འགག་གཉིས་ལ་འཕྲད་སྲིད་དེ། གཅིག་ནི། རིམས་ནད་ད་དུང་ཁྱོན་ནས་མཇུག་རྫོགས་མེད་པ་དང་། གནས་ཚུལ་མང་པོ་ཞིག་གི་འོག་ཏུ། ནད་དུག་སྔར་བཞིན་མི་རྣམས་ཀྱིས་ཚོར་མི་ཐུབ་པའི་རྣམ་པས་གནས་པའམ་ཡང་ན་ཁྱབ་མཆེད་བྱེད་ཀྱི་ཡོད། དེ་བས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ཐད་ནས་ལྷོད་ཡངས་སྤུ་ཙམ་ཡང་བྱེད་མི་རུང་། གཉིས་ནི། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་སྤྱིའི་ཆ་ནས་བལྟས་ན། ང་ཚོས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ལས་ཀ་དང་ཐོན་སྐྱེད་བསྐྱར་འཛུགས་ཀྱི་ལས་ཀའང་རིམ་པ་གསར་པ་ཞིག་ཏུ་བསྐྱོད་ཡོད་པ་རེད། སློབ་གསོའི་མ་ལག་ལ་ཆ་མཚོན་ནའང་རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་བ་མངོན་འགྱུར་བྱེད་དགོས་ཤིང་། དུས་མཚུངས་སུ་ད་རུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། དེ་བས་ཁྱོན་ཡོངས་དང་གཟབ་ནན་གཉིས་པོ་དུས་མཉམ་དུ་གནས་ཤིང་། འདིས་སློབ་གསོའི་མ་ལག་ལ་བླང་བྱ་སྔར་བས་མཐོན་པོ་ཞིག་བཏོན་ཡོད།
         རིམས་ནད་སྔར་བཞིན་གནས་པའི་སྐབས་སུ།  ཆེས་སྟབས་བདེའི་ཐབས་ལམ་ཞིག་ཡོད་པ་ནི་ཆེས་གཟབ་ནན་གྱི་བྱེད་ཐབས་བེད་སྤྱོད་བྱ་རྒྱུ་དེ་ཡིན་པ་དང་། རིམས་ནད་ལ་རྩ་བའི་ཚོད་འཛིན་ཐུབ་རྗེས། གལ་ཏེ་ཕྱོགས་ཡོངས་ནས་མཉམ་གཅིག་ཏུ་སློབ་འགོ་ཚུགས་པའམ་ཡང་ན་རྒྱུན་ལྡན་དུ་སླར་གསོ་བྱུང་མོད། འོན་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུད་སྐུད་འདི་ཇེ་ལྷོད་དུ་བཏང་ཚེ། གནས་ཚུལ་རིགས་འདི་གཉིས་ཀྱིས་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ཁྲིམས་རྒྱུན་ལྡན་ཡོང་བར་ཤུགས་རྐྱེན་ཆེན་པོ་བཟོ་སྲིད། ད་སྐབས་སློབ་གསོ་པུའུ་ཡིས་རྒྱུན་ལྡན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ཁྲིམས་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་འབོད་སྐུལ་བཏང་ཞིང་། དོན་དངོས་ཐོག་དེ་ནི་སྔར་ལས་མཐོ་བའི་བླང་བྱ་ཞིག་སྟེ།  ཁྱོན་ཡོངས་ནས་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ཁྲིམས་རྒྱུན་ལྡན་ཡོང་བར་བྱེད་པ་དང་དུས་མཚུངས་སུ།  ལག་རྩལ་གྱི་བླང་བྱ་ནན་ཏན་སྒོས་བརྩི་སྲུང་བྱས་ཏེ།  བྱེ་བྲག་གི་བླང་བྱ་ལྟར་རིམ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པ་རེད།  
         03ཇི་ལྟར་བྱས་ཏེ་རིམ་པ་བགར་ནས་སློབ་འགོ་ཚུགས་དགོས་སམ། ཉེན་ཁ་ཆུང་བའི་ས་ཁུལ་ཏུ་སློབ་གྲྭར་ཕྱིར་ལོག་པའི་བྱིས་པ་དག་ད་རུང་ཟུར་འཇོག་བྱེད་དགོས་སམ།
         དྲི་བ། སློབ་འགོ་ཚུགས་པ་ནི་སློབ་མ་དུང་ཕྱུར2.8དང་དགེ་རྒན་ཁྲི2000དང་ཏག་ཏག་འབྲེལ་བ་ཆེན་པོ་ཡོད་པའི་དོན་དག་ཅིག་ཡིན། འོ་ན་རིམ་པ་བགར་ནས་སློབ་འགོ་ཚུགས་ན་གཙོ་བོ་གནད་དོན་ཅི་ཞིག་ཐག་གིས་གཅོད་པ་ཡིན་ནམ། རིམ་པ་ཇི་ལྟར་བགར་སྲིད་དམ། ཡང་རིམ་པ་བགར་ནས་དམིགས་ཚད་ཅི་འདྲ་ཞིག་ཏུ་སླེབས་དགོས་སམ།
         ཝང་ཏེང་ཧྥེང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་།  ཚང་མ་སློབ་མ་དག་ཉེན་ཁའི་ཚད་རིམ་མི་འདྲ་བ་ནས་ཡོང་བའི་གནད་དོན་ལ་འཕྲད་ཀྱི་ཡོད། མིག་སྔར་རྒྱལ་ཡོངས་སུ་ཉེན་ཁ་ཆེ་བ་དང་ཉེན་ཁ་འབྲིང་ཙམ་ཆེ་བའི་ས་ཁུལ་ཧ་ཅང་ཉུང་ནའང་།  ད་རུང་ཁ་ཤས་ཤིག་ཡོད་པ་རེད། ས་ཁུལ་མི་འདྲ་བ་ནས་ཡོང་བའི་སློབ་མ་རྣམས་སློབ་གྲྭར་ཕྱིར་ལོག་པའི་དུས་ཚོད་ཁག་དབྱེ་བྱེད་དགོས་ཤིང་། འདི་ནི་ཕྱི་ཡུལ་གྱི་བླང་བྱ་ཡིན།
         དང་པོ། ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའི་སློབ་མས་སློབ་གྲྭར་མ་ཡོང་སྔོན་དུ་རང་སྒེར་རམ་ཡང་ན་གཅིག་སྡུད་ཀྱིས་ཉིན14རིང་གི་སྨན་དཔྱད་རིག་པའི་ལྟ་ཞིབ་བྱེད་དགོས་ཤིང་། ཉིན་བདུན་ནང་རོལ་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་ཚེ། ད་གཟོད་སློབ་གྲྭར་ལོག་ཆོག་པ་ཡིན། ཉེ་དུས་འགྲེམས་སྤེལ་དང་བཟོ་བཅོས་བྱས་རྗེས་ཀྱི《སྟོན་དགུན་དུས་ཚིགས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་ཇུས་གཞི》(གསར་སྒྱུར་པར་གཞི། )ལྟར་ན། ཉེན་ཁ་ཆུང་བའི་ས་ཁུལ་ནས་སློབ་གྲྭར་ལོག་པའི་སློབ་མ་སློབ་གྲྭར་མ་ལོག་སྔོན་དུ་ཟུར་འཇོག་བྱེད་མི་དགོས། འོན་ཀྱང་ལམ་བར་དུ་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། སློབ་གྲྭར་ཐོན་རྗེས་སློབ་རའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ནན་མོ་ལྟར་ཚན་པ་སོ་སོའི་ལས་ཀ་ཡག་པོ་བསྒྲུབ་དགོས།
         གཉིས་པ། སློབ་ཆེན་ལ་མཚོན་ནས་བཤད་ན། གལ་ཏེ་སློབ་མ་ཚང་མ་དུས་གཅིག་ཏུ་སློབ་གྲྭའི་ནང་དུ་ཕྱིར་ལོག་ཚེ། ཐོ་འགོད་བྱེད་པ་ནི་གནད་དོན་ཅིག་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ནས་ལུས་དྲོད་ཀྱི་ཚད་འཇལ་བ་སོགས་ཕྱོགས་སོ་སོའི་ལས་ཀ་དོན་འཁྱོལ་ཡོང་བའི་ཐད་ནས་བལྟས་ན། གལ་ཏེ་ཉིན་གཅིག་གཉིས་ཀྱིས་རིམ་པ་བགར་ན། ཉིན་རེའི་མི་གྲངས་དེ་འདྲ་མང་པོ་མེད་པས། འདིས་སློབ་འགོ་ཚུགས་པ་རིམ་པ་བཞིན་དུ་སྤེལ་བར་ཧ་ཅང་དགོས་གལ་ཆེ་བ་ཡིན།
         གསུམ་པ། སློབ་གྲྭ་སོ་སོར་མཚོན་ནས་བཤད་ན། གལ་ཏེ་སློབ་མ་ཚང་མ་ཕྱིར་ལོག་སྟེ་སློབ་གྲྭའི་ཉལ་ཁང་དང་། སློབ་ཁང་སོགས་འདུས་པའི་མི་ཚོགས་འདུ་སར་ཡོང་ནས་མི་ཚོགས་འདུ་ཆེ་དྲགས་ན། ཉེན་ཁ་དེ་བས་ཆེ་བ་ཁྲིད་ཡོང་སྲིད་པས། སློབ་གྲྭའི་ནང་ཁུལ་དུ་རིམ་པ་བཞིན་སྤེལ་རྒྱུའང་ཧ་ཅང་དགོས་གལ་ཆེ་བ་ཡིན།
         04སློབ་གྲྭའི་སྒོ་ནན་མོར་སྲུང་བ་ནི་སློབ་གྲྭ་ཁྱོན་ནས་བཀག་སྡོམ་བྱས་པ་མིན།
         དྲི་བ། 《སྟོན་དགུན་དུས་ཚིགས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་ཇུས་གཞི》(གསར་སྒྱུར་པར་གཞི།)ཡི་ནང་དུ། དམིགས་བསལ་གྱིས་སློབ་གྲྭའི་སྒོ་ནན་མོར་སྲུང་དགོས་པ་ནན་བཤད་བྱས་ཡོད། འོན་ཀྱང་སློབ་མ་སློབ་གྲྭའི་སྒོ་ཁ་ནས་ཕྱིར་ཐོན་མི་ཆོག་ཅེས་བཤད་བྱས་མེད། གནས་ཚུལ་འདི་འདྲའི་འོག སློབ་གྲྭའི་སྒོ་ཁ་ཅི་ལྟར་ལེགས་པོ་སྲུང་དགོས་སམ།
         ཝང་ཏེང་ཧྥེང་། སློབ་གྲྭའི་སྒོ་ཆེན་ཡག་པོ་སྲུང་བ་དང་བཀག་སྡོམ་རང་བཞིན་གྱི་དོ་དམ་ནི་ཐ་སྙད་གཉིས་ཡིན་ཏེ། བཀག་སྡོམ་རང་བཞིན་གྱི་དོ་དམ་ནི་སློབ་མ་སློབ་རའི་ནང་དུ་འཛུལ་རྗེས། དམིགས་བསལ་གྱི་གནས་ཚུལ་མེད་ཚེ་སློབ་ར་དང་ཁ་བྲལ་མི་ཆོག་པ་ཡིན། སློབ་གྲྭའི་སྒོ་ཆེན་ནན་མོ་སྲུང་བར་སློབ་རའི་ནང་དུ་འཛུལ་བའི་མི་ཚང་མ་བདེ་ཐང་ཡིན་པར་ཁག་ཐེག་བྱེད་དགོས། དེ་བས་སློབ་རའི་ནང་དུ་འཛུལ་ཐོན་བྱེད་པའི་དགེ་རྒན་དང་སློབ་མ་ཚང་མའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱེད་དགོས་པར་མ་ཟད། ད་རུང་ལུས་དྲོད་ལ་ཚད་འཇལ་དགོས། གལ་ཏེ་སློབ་གྲྭ་དང་ཁ་འབྲལ་ཚེ། ས་ཆ་གང་དུ་སོང་བ་སོགས་ཀྱི་འགུལ་སྐྱོད་ཀྱི་གནས་ཚུལ་ཚང་མ་གསལ་བོ་ཡིན་དགོས་པ་དང་། གནས་ཚུལ་རེ་རེ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་བྱེད་དགོས། དེ་བས་སློབ་རའི་སྒོ་ཆེན་གྱི་དོ་དམ་ཚོད་འཛིན་གྱི་ཐད་ནས་བཤད་ན། སྒོར་ཕྱིར་འགྲོ་མ་དགོས་ན་མི་འགྲོ་བ་དང་། གལ་ཏེ་དོན་དག་ཡོད་པ་དང་བྱ་བ་བསྒྲུབ་དགོས་ཚེ། སློབ་གྲྭའི་ཕྱིར་སོང་ནའང་ཆོག་པ་ཡིན།
         05སློབ་གྲྭ་ཆུང་འབྲིང་སློབ་འགོ་ཚུགས་པ་དེ་སློབ་གྲྭས་ས་གནས་ཀྱི་བླང་བྱ་དང་སློབ་གྲྭའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་རང་སྒེར་གྱིས་ཐག་གཅོད་བྱེད་དགོས།
         དྲི་བ། སློབ་གྲྭ་ཆེན་མོའི་སློབ་འགོ་ཚུགས་པ་དང་བསྡུར་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ནི་རྩ་བའི་ཆ་ནས་ས་གནས་རང་དུ་འདུག་སྡོད་བྱས་ཡོད་པས། སློབ་གྲྭ་ཆུང་འབྲིང་རིམ་པ་བཞིན་སློབ་འགོ་ཚུགས་རྒྱུའི་བཀོད་སྒྲིག་དབང་ཆ་དེ་ས་གནས་སོ་སོར་སྤྲོད་འོས་པ་ཡིན་ནམ།
         ཝང་ཏེང་ཧྥེང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་སློབ་གསོ་པུའུ་ཡི་ཆ་ནས་བརྗོད་ན། ས་གནས་སོ་སོས་རང་ཉིད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར་སློབ་འགོ་ཚུགས་པ་དང་ཚན་པ་སོ་སོའི་སློབ་གསོའི་སློབ་ཁྲིད་ཀྱི་བྱ་འགུལ་བཀོད་སྒྲིག་བྱ་བར་བརྩི་འཇོག་བྱེད་དགོས། དེ་བས་སློབ་གྲྭ་ཆུང་འབྲིང་གིས་རིམ་པ་ཇི་ལྟར་བགར་བ་དེ་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དང་སློབ་གྲྭའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་ཁོ་ཚོ་རང་སྒེར་སོ་སོས་ཐག་གཅོད་བྱེད་དགོས།