—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་གི་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
2020ལོའི་ཟླ་7ཚེས་16ཉིན། མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྨན་བཅོས་འགན་སྲུང་ཅུས་དང་དེ་བཞིན་རྫོང་མི་དམངས་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཀ་ཚལ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ནད་ལྟ་བ་དང་། སྨན་བཅོས་དང་སྨན་སྐྱེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་མང་ཚོགས་ལ་ནད་ཆེན་ཐད་ཀྱི་རོགས་སྐྱོབ་དང་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་སྒྱུར་བ་སོགས་ཀྱི་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བྱས་པ་མ་ཟད། སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་ཀྱང་བྱས་པ་རེད།
ལོ་55ཡི་རིང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཡོད།
ལོ་55ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཏང་ཀྲུང་དབྱང་གི་ལས་དོན་གྱི་བཀོད་སྒྲིག་ཁག་ཟམ་མི་ཆད་པར་དོན་འཁྱོལ་བྱས་ཏེ། “བདེ་ཐང་བོད་ལྗོངས”བསྐྲུན་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མངོན་འགྱུར་གྱི་འདེགས་སྐྱོར་ནུས་ལྡན་དུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་སྨན་བཅོས་ཞབས་ཞུའི་མ་ལག་བསྐྲུན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་ཆེད། སྲ་ཞིང་བརྟན་པའི་བདེ་ཐང་གི་འགན་ལེན་མཁོ་འདོན་བྱས་ཡོད།
ལོ་55ཡི་རིང་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོར་བལྟ་སྐབས“བོད་ཀྱི་མྱུར་ཚད”དེ་ཐོག་ནས་གསལ་པོར་མཐོང་ཐུབ་པ་སྟེ།
ཞི་བའི་བཅིངས་འགྲོལ་མ་བཏང་གོང་བོད་རྙིང་པར་བོད་ལུགས་གསོ་རིག་སྨན་ཁང་3ལས་མེད་པ་དང་ནད་ཁྲི་རྐང་གཅིག་ཀྱང་མེད་པ་མ་ཟད། ཕྱི་ལུཌ་གསོ་རིག་དང་ཕྱི་ལུཌ་སྨན་སྤྱིར་ན་མེད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོཌ་ཀྱི་བདེ་ཐང་རྩ་བ་ནས་འགན་ལེན་ཐུབ་ཀྱི་མེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ནང་སའི་སྨན་དོན་མི་སྣའི་དཔུང་ཁག་དང་མཉམ་དུ་བོད་དུ་སླེབས་ཤིང་། ལོ་གཉིས་པའི་ཟླ་6པར་བོད་ཀྱི་ལོ་རྒྱུས་ཐོག་གི་མི་དམངས་སྨན་ཁང་དང་པོ་སྟེ། ཆབ་མདོ་མི་དམངས་སྨན་ཁང་བཙུགས་པ་དང་། ལོ་དེའི་ཟླ་9པར་ལྷ་ས་མི་དམངས་སྨན་ཁང(ད་ལྟའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་པོ)བཙུགས་པ་རེད།
ལོ་རབས་60པ་དང་། 70པ། 80པ་བཅས་ལ་རང་ལྗོངས་སུ་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞི། མ་བུ་འཕྲོད་སྦྱོར་ཁང(ས་ཚིགས)བཅས་བསྟུད་མར་བཙུགས་ཡོད། ལོ་རབས་90པར་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཤང་གི་འཕྲོད་བསྟེན་ཁང་དང་། རྫོང་འཕྲོད་བསྟེན་ས་ཚིགས། རྫོང་མ་བུ་འཕྲོད་སྦྱོར་ཁང་བཅས“རྣམ་གྲངས་གསུམ”བསྐྲུན་ཡོད། 2000ལོ་ནས་བཟུང་རང་སྐྱོང་ལྗོངས་འཕྲོད་བསྟེན་ལྟ་སྐུལ་ཁང་དང་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་དངོས་སུ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆར་གྲུབ་ཡོད།
ད་ཕན་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལོ་རེ་བཞིན་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་གཏོང་ཚད་མང་དུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་གསར་སྐྲུན། རང་སྐྱོང་ལྗོངས་ཀྱི་བུ་བཙའ་དང་བྱིས་པའི་སྨན་ཁང་གཞི་རྩའི་ཆ་ནས་བསྐྲུན་ཡོད། གྲོང་ཁྱེར་དང་། རྫོང་། ཤང(གྲོང་རྡལ)བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཡོད་པ་མ་ཟད། གྲོང་ཚོ་རེར་སྨན་པ་གཉིས་རེ་ཡོད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
ལོ་55རིང་གི་འཕེལ་རྒྱས་བརྒྱུད་རང་ལྗོངས་སུ་བོད་ལུགས་དང་ཕྱི་ལུགས་གསོ་རིག་གིས་གཙོས་པའི་སྨན་བཅོས་ཞབས་ཞུའི་མ་ལག་གྲུབ་པ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྡོམས་1642དང་། ནད་ཁྲི་17073 འཕྲོད་བསྟེན་ལག་རྩལ་མི་སྣ་26150བཅས་ཟིན་པ་དང་། མི་སྟོང་རེར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི་4.87རེ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་དང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་5.89དང་2.58སོ་སོར་དབང་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཁྲོད་ཀྱི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཟབ་ཏུ་ཕྱིན་ཏེ། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་མངོན་འགྱུར་ཡོང་བར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བརྗོད་བྱུང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཧ་ཅང་ཐུགས་ཁུར་གནང་སྟེ། སྨན་བཅོས་ཞབས་ཞུ་དང་། ལམ་ལུགས་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་བོད་ལ་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
—— 2015ལོ་ཚུན་དུ་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རང་ལྗོངས་སུ“ནད་ཆེན”རིགས་371རང་ལྗོངས་ཀྱིས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2373ས་གནས་དང་གྲོང་ཁྱེར་གྱིས་སྨན་བཅོས་ཐུབ་པ། རྒྱུན་མཐོང“ནད་ཆུང”རིགས་རྫོང་རིམ་པའི་སྨན་ཁང་གིས་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་བྱུང་ནས་ནད་གཞི་ལྕི་བའི་ནད་པ་མྱུར་སྐྱོབ་བྱེད་ཚད་90.65%ཟིན་པ་དེ་2014ལོ་ལས་20%ཙམ་གྱིས་མཐོ་རུ་ཕྱིན་ཡོད།
—— བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་རུ་ཁག་721དང་ས་གནས་དེ་གའི་སྨན་དོན་མི་སྣ་2031རོགས་ཁྲིད་བྱས་པ་དང་། ས་གནས་ཀྱི་སྨན་དོན་མི་སྣ་1454ལྷག་ཙམ་ལེགས་འདེམས་མངགས་གཏོང་བྱས་ཏེ་རོགས་སྐྱོར་བྱེད་མཁན་སྨན་ཁང་དུ་ལས་གནས་ཐོག་གསོ་སྦྱོང་དང་ཟབ་སྦྱོང་བྱས་ཡོད།
—— ནད་ལྕི་སྨན་བཅོས་གསོ་རིག་དང་། སྙིང་ཁམས་ཁྲག་རྩ། གློག་པར། བུ་བཙའ་སོགས་གཙོ་གནད་ཁོའོ་ཧྲི་བཙུགས་པའི་རྨང་གཞིའི་ཐོག་གཟའ་གྲིབ་དང་། བྲང་གཟེར། རྨས་སྐྱོན་བཅས་དང་དེ་བཞིན་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་བཅས་ཀྱི་ནད་ལྕི་སྐྱོབ་བཅོས་བྱ་ཡུལ“ལྟེ་གནས་ཆེན་པོ་ལྔ” བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
—— “དབང་པོ་སྤོ་འཛུགས”ཀྱི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་1061ཟིན་པ་དང་། ལག་རྩལ་གྱི་དཀའ་གནད་1305འགག་སྒྲོལ། ལག་རྩལ་གསར་པའི་སྟོང་ཆ་ཁག་1541གསབ་པ་བཅས་བྱས་པར་བརྟེན། “1+7”ཡི་སྨན་ཁང་གི་ཆེད་ལས་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་ཚན་ཞིབ་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
གཞན་ཡང་། 2016ལོ་ཚུན་དུ་རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་98ཀྱིས་རིམ་བརྩིས་བྱས་ན་རིགས་གཅིག་མཁས་ཅན་2209བོད་དུ་བཏང་ནས་རང་ལྗོངས་ཀྱི་རྫོང་དབུལ་པོའི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། སྒྲིག་སྲོལ་ལམ་ལུགས་3400ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་བ། རྫོང་རིམ་པའི་སྨན་ཁང་གི་རྐང་འཛིན་པ་1200ལྷག་ཙམ་ལ་རོགས་ཁྲིད་གསོ་སྦྱོང་བྱས་ཤིང་། རྫོང་ཁྱབ་ཁོངས་ཀྱི་ལས་སྒོ་གསར་པ་600ལྷག་ཙམ་སྣེ་ཁྲིད་བྱས་ནས་སྤེལ་ཏེ“ཀ་པ་རིམ་པ་གཉིས་པ”དང“ཁ་པ་རིམ་པ་གཉིས་པའི”རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་15དང་42བསྐྲུན་ཏེ། རང་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།
“ང་ཁྲག་ཤེད་མཐོ་བའི་རྐྱེན་གྱིས་ད་ཐེངས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པར་སྨན་རིན་སྒོར་ཁྲི་གཅིག་ལྷག་ཙམ་ཐོབ་འདུག འོན་ཀྱང་མི་སྒེར་གྱིས་ཕྲན་ཙམ་ལས་སྤྲོད་དགོས་མ་བྱུང་བར། དེ་བྱིངས་ཀྱི་སྨན་རིན་ཚང་མ་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་བྱུང་། འདི་གར་འགྲོ་སོང་རྩིས་ཞུ་བྱེད་པར་གལ་སྲིད་དཔྱད་གཞིའི་ཡིག་རིགས་ཆ་ཚང་ན་འཕྲལ་མར་སྨན་རིན་རྩིས་ཞུ་ཐུབ་ཀྱི་འདུག་པས། ཧ་ཅང་སྟབས་བདེ་པོ་འདུག”
འདི་ལོ་ལོ་56ལ་སླེབས་པའི་ལྷ་ས་གྲོང་ཁྱེར་སྐྱིད་རས་སྡེ་ཁུལ་གྱི་གྲོང་མི་བདེ་སྐྱིད་དབང་མོ་2010ལོར་གཟུགས་པོ་བརྟག་དཔྱད་བྱེད་སྐབས་ཁྲག་ཤེད་མཐོ་པོ་ཡོད་པ་ཤེས། དུས་བཀག་ལྟར་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཉིན་ལྟར་སྨན་གཏོང་དགོས་པས། ལོ་ལྟར་སྨན་རིན་སྒོར་བཞི་སྟོང་ལྔ་སྟོང་སྤྲོད་དགོས་པ་དེ་ཁོང་གི་ངོས་ནས་བརྗོད་ན་ཁུར་པོ་ཆེན་པོ་ཞིག་རེད།
འོན་ཀྱང་འདི་ལོ་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས(ཞབས་ཞུ་ས་ཚིགས)ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞིའི་སྨན་བཅོས་འགན་བཅོལ་གཱ་སྤྱད་ནས་མཇུག་རྩིས་བརྒྱབ་ནས་སྨན་རིན་རྩིས་ཞུ་བྱས་པས་བདེ་སྐྱིད་དབང་མོའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། ཁྱིམ་གྱི་སྒོ་རྩ་ནས་ནད་གཞི་བཅོས་པ་དང་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
འདི་ལོ་རང་ལྗོངས་ཀྱིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དེ་གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་ཟླ་སྒྲིལ་གཏོང་རྒྱུ་དང་། ལམ་ལུགས་དེ་2020ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་བསྟར་བྱས་པར་བརྟེན། ཁྱབ་ཁོངས་ཀྱི་ཁྱབ་རྒྱ་དང་། མ་དངུལ་གྲབས་གསོག་སྲིད་ཇུས། ཐོབ་ཐང་འགན་ལེན། སྨན་བཅོས་འགན་བཅོལ་གྱི་དཀར་ཆག གནས་གཏན་འཁེལ་གྱི་དོ་དམ། ཐེབས་རྩ་དོ་དམ་བཅས་ཕྱོགས་6གཅིག་གྱུར་བྱུང་ནས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་དེ་བས་གཞུང་དྲང་དང་དེ་བས་ལས་ཕྱོད་ཆེ་བའི་སྨན་བཅོས་འགན་ལེན་ལམ་ལུགས་ལོངས་སུ་སྤྱོད་ཐུབ་ཡོད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ས་ཁུལ་དབུལ་པོ་དང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་སོགས་མི་འབོར་དབུལ་པོར་གཙོ་གནད་ཐོག་དམིགས་ཏེ་གནད་སྨིན་ཇུས་བསྟར་དང་ཕྱོགས་བསྡུས་འགན་ལེན་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་ལ་མ་དངུལ་ཐོག་ནས་རོགས་རམ་བྱེད་པ་དང་། ཐོབ་ཐང་གཏོང་སྤྲོད་ཐད་གཟིགས་སྐྱོང་ཡོད་པ། གཞི་རྩའི་འགན་ལེན་ཐད་དབྱེ་མཚམས་ཡོད་པ། དོ་དམ་ཞབས་ཞུ་དེ་བས་ཕན་ནུས་ལྡན་པ། སྨན་རིན་རྩིས་རྒྱག་དེ་བས་སྟབས་བདེ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོར་སྨན་བཅོས་འགན་ལེན་གྱི་ཕན་པ་ཐོབ་ཚད་མཐོ་རུ་བཏང་ཡོད།
2016ལོ་ནས་བཟུང་། བདེ་ཐང་དབུལ་སྐྱོར་གྱི་འགན་འཁྲི་དང་། ལས་དོན། སྲིད་ཇུས་བཅས“དོན་འཁྱོལ་གསུམ”དང“ཁག་གཅིག་རེ་གསུམ”དང་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་བཅས་གཏིང་ཟབ་སྤེལ་བ་བརྒྱུད། “ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག”རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ནད་པ་དབུལ་པོ་ཁྲི་6.34དབུལ་སྒྲོལ་བྱུང་བ་དང་། གྲོང་གསེབ་ཏུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་མི་སྣ་ཕྱོགས་ཡོངས་ལ་ཁྱབ་ཡོད།
“ཁག་གཅིག་རེ་གསུམ”གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ་བརྒྱུད་རང་ལྗོངས་ཀྱི་ནད་ཆེན་གཅིག་སྡུད་ཐོག་སྐྱོབ་བཅོས་བྱེད་པའི་ནད་རིགས་ཀྱི་ཁྱབ་ཁོངས་དེ་རྒྱལ་ཁབ་ཀྱི་རྨང་གཞིའི་ཐོག་ནད་རིགས་38བར་རྒྱ་ཆེར་བཏང་བ་དང་། ནད་ཆེན་ཕོག་པའི་ནད་པ་4745སྐྱོབ་བཅོས་བྱས་པ་དང་། གཅོང་ནད་ཕོག་པའི་ནད་པ་19879 ལ་གན་འཇོག་སྨན་བཅོས་ཞབས་ཞུ་སྤེལ་བ། ནད་གཞི་ལྕི་བའི་ནད་པ་1193ལ་ཐ་སྐྱོང་འགན་ལེན་བྱས་ཡོད། སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ས་བབ་མཐོ་བ་དང་། ཐག་རིང་། མཐའ་མཚམས་བཅས་ཀྱི་རྫོང་10ཡི་ཤང་གྲོང་རྡལ་96ཏུ་གཞི་རིམ་གྱི་སྐོར་སྐྱོད་ནད་དཔྱད་སྨན་བཅོས་ལས་དོན་སྤེལ་བ་དང་། འཕྲོད་བསྟེན་ལས་དོན་གྱི་གཙོ་གནད་གཤམ་སྒྱུར་དང་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་གཞི་རིམ་དུ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ། གཞི་རིམ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ནུས་པ་དང་ལས་ཕྱོད་ཆེ་རུ་བཏང་ཡོད།
གཞན་ཡང་། རང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་མི་འབོར་དབུལ་པོར“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ལམ་ལུགས་ལག་བསྟར་བྱས་ནས་མི་འབོར་དབུལ་པོ་སྤྱི་འདོམས་ཁུལ་གྱི་གཏན་འབེབས་དང་མཐུན་པའི་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་སྨན་བཅོས་འགྲོ་སོང་རྩིས་ཞུའི་བསྡུར་གྲངས་5%བར་མཐོ་རུ་བཏང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་ དབུལ་པོའི་ནད་ཆེན་འགན་བཅོལ་གྱི་ཚད་བཀག་ཕྱོགས་ཡོངས་ནས་མེད་པ་བཟོས་པ། མི་འབོར་དབུལ་པོར་གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལག་བསྟར་བྱས་པ། སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་འབོར་དེ་སྔར་ཡོད་ཀྱི་གཏན་འབེབས་ཐོག་སྒོར་ཁྲི་4མཐོ་རུ་བཏང་ནས་ལོ་ལྟར་སྒོར་ཁྲི་10ཟིན་ཡོད། རྨང་གཞི་དེའི་ཐོག་སྨན་རིན་གྱི་ཁུར་པོ་སྔར་བཞིན་ལྕི་བའི་མི་སྒེར་དང་ཁྱིམ་ཚང་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལག་བསྟར་བྱས་ཏེ། རོགས་སྐྱོབ་ཀྱི་དངུལ་འབོར་དེ་སྔར་ཡོད་ཀྱི་གཏན་འབེབས་ལས་སྒོར་ཁྲི་5མཐོ་རུ་བཏང་ནས་ལོ་ལྟར་སྒོར་ཁྲི་20ཟིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།