ལེ་ཚན་གཏོད་པའི་གཏམ།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དྲིན་ཚོར་ངང་འབད་བརྩོན་ཆེན་པོས་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་གཟི་རླབས་དགུང་འཕྱུར་གྱི་བརྗིད་ཆེའི་ལོ་རྒྱུས་ལམ་བུའི་ཐོག་བསྐྱོད་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས། བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཏེ་དུས་རབས་གསར་པར་དྲིན་ཚོར་ངང་འབད་བརྩོན་ཆེན་པོས་མདུན་སྐྱོད་དང་བློ་སེམས་གཅིག་མཐུན་གྱིས་ལེའུ་གསར་པ་རྩོམ་བཞིན་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“མི་སེར་གྱི་གཏམ་རྒྱུད——རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི”ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སློབ་གསོའི་ལས་དོན་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན། “སློབ་གསོ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ་དང་། སློབ་གསོ་སྟོབས་ཆེའི་ལྗོངས་འཛུགས་སྐྲུན། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ”བཅས་ཀྱི་དམིགས་ཚད་ལས་འགན་ལ་དམིགས་པ། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མངོན་གསལ་དོད་པ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན། བློ་རྩེ་གཅིག་སྒྲིམ་ངང་འཕེལ་རྒྱས་ལ་དམ་འཛིན། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོར་གཏོང་། ཆ་འཕྲིན་ཅན་གྱིས་སྒུལ་ནུས་གསར་པ་བྱས་ཏེ། བསམ་བློར་སླར་ཡང་བཅིངས་འགྲོལ་དང་སྒྱུར་བཅོས་སླར་ཡང་ཟབ་གཏོང་། ལས་དོན་སླར་ཡང་དམ་འཛིན་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ། སློབ་གསོའི་བྱ་གཞག་སྐས་རིམ་གསར་པར་སླེབས་པ་བཅས་བྱེད་ཐུབ་ནས། མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་340ལྷག་ཙམ་ལ་དེ་བས་ཡག་པ་དང་དེ་བས་དྲང་གཞག་གི་སློབ་གསོའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
དེང་རབས་མི་རིགས་སློབ་གསོའི་མ་ལག་ཡོངས་ཁྱབ་བྱུང་བ།
“དེ་སྔ་ང་ཚོའི་སློབ་གསོའི་དམིགས་ཚད་ནི་ཡོང་ཐུབ་པ་དང་། སྡོད་ས་ཡོད་པ། སློབ་གྲྭར་འགྲོ་རྒྱུ་ཡོད་པ་བཅས་ཡིན་པ་དང་། ད་ཆ་སློབ་གྲྭ་ཡག་པོར་སྐྱོད་པའི་བར་འགྱུར་ལྡོག་བྱུང་ཡོད”ཟླ་5ཚེས་25ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། ཚོགས་འདུ་མ་འཚོག་གོང“འཐུས་མིའི་བགྲོད་ལམ”གཉིས་པ་ཤར་གཏོང་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་དྲ་རྒྱའི་བརྙན་ལམ་བརྒྱུད་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན། ཕྲུ་གུ་དེ་བས་མང་བ་ཞིག་རི་ཁུག་ནས་ཐོན་པས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས།
མེ་ཏོག་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མཇུག་ཤོས་ཀྱི་རྫོང་གྲོང་དེ་ཡིན་ཞིང་། ད་ཆ་ཡུལ་དེའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས་སློབ་ཁྲིད་ཁང་པ་ཐོག་སོ་གསུམ་བསྐྲུན་ནས་ཕྲུ་གུ་ཚོར་ཚན་རིག་ཚོད་ལྟ་ཁང་དང་མཛེས་རྩལ་ཁང་སོགས་ཡོད་ལ་དགེ་རྒན་ཚོས་ཀྱང་སློབ་ཁྲིད་བྱེད་སྐབས་PPTསྤྱོད་ཅིང་། རིམས་ནད་ཐོན་རིང་། ཕྲུ་གུ་ཚོར་ཡང་དྲ་ཐོག་སློབ་ཚན་འཚོག་ཐུབ་པ་བྱུང་ཡོད། “ཏང་གི་སློབ་གསོའི་སྲིད་ཇུས་ཀྱང་ཇེ་ཡག་ཏུ་ཕྱིན་པ་དང་སྦྲགས། བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་འགན་ལེན་གསུམ་གྱི་སློབ་གསོའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་། ད་ཆ་ང་ཚོ་མོན་པ་རིགས་ཀྱི་ཕྲུ་གུ་སློབ་གྲྭར་ཞུགས་ཚད་དང་སློབ་ཆུང་ནས་སློབ་འབྲིང་དུ་འཕར་ཚད་ཚང་མ་100%ཟིན་ཡོད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།
སྐལ་བཟང་བདེ་སྐྱིད་དང་ཁོང་གི་སློབ་མ་ཚོ་དང་འདྲ་བར། སློབ་གསོ་བརྒྱུད་རངཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དང་མི་ཚེའི་ཕུགས་འདུན་འགྲུབ་པའི་མི་ད་དུང་ཧ་ཅང་མང་པོ་ཡོད། དེ་དང་དུས་མཚུངས། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ནང་ཞུགས་མཁན་དང་བདེན་དཔང་མཁན་ཞིག་ཡིན་པའི་ངོས་ནས་ཁོང་ཚོའི་གྲུབ་འབྲས་ལས་ཀྱང་ལོ་55རིང་གི་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་མངོན་ཞིང་། བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་2995ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་84.15(ལྗོངས་ཕྱིའི་སློབ་མ་88530ཚུད་པ)ཡོད། 2019ལོར། ལྗོངས་ཡོངས་ཀྱི་སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.71%ཟིན་པ་དང་དམའ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་102.88%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་86.62%ཟིན་པ། མཐོ་རིམ་སློབ་གྲྭར་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་47.65%ཟིན་པ། སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་84.42%ཟིན་ཡོད། ད་ཆ་ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་གཞི་གཅིག་ཅན་གྱི་དེང་རབས་མི་རིགས་སློབ་གསོའི་མ་ལག་ཅིག་གྲུབ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།
སློབ་གསོ་ཆ་འཕྲིན་ཅན་གྱིས་ཕུགས་འདུན་མངོན་འགྱུར་ཡོང་བར་གཤོག་ཟུང་བསྒར།
སྔ་དྲོའི་ཆུ་ཚོད་9པ་ལྷག་ཙམ་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བྱེ་ལྷ་ལམ་དུ་གནས་པའི་གཞིས་རྩེའི་ཆི་ལུའུ་སློབ་ཆུང་གི་ལོ་རིམ་དང་པོའི་སློབ་མ་60ལྷག་ཙམ“རིག་ལྡན་སློབ་ཁང”ནང་གྲལ་སྟར་སྒྲིག་པོར་བསྡད་འདུག དེ་ཉིན་དགེ་རྒན་གྱིས་དེང་རབས་ཅན་གྱི“རིག་ལྡན་ནག་པང”སྤྱད་དེ་ཕྲུ་གུ་ཚོར《ཡཱ་ཙེ་ཆུང་ཆུང་དང་དེ་ཕོ་ཆུང་ཆུང》ཞེས་པའི་སློབ་ཚན་ཁྲིད་པ་རེད། ཕྲུ་གུ་ཚོས་ནག་པང་ལ་གཟབ་ནན་ངང་ལྟ་བཞིན་མིག་ཟུང་ལས་ཡ་མཚན་དང་དགའ་སྤྲོའི་རྣམ་པ་ཞིག་མངོན།
དྲིལ་བརྡ་གྲགས་པ་དང་བསྟུན་དགེ་རྒན་འཆད་སྟེགས་སུ་ཡོང་ནས་རྒྱབ་དུ་བཀལ་བའི་འཆར་ཤེལ་དཀར་པོ་དེ་ཁ་ཕྱེས་ཤིང་། འཆར་ཤེལ་ཐོག་དེ་རིང་སློབ་ཚན་གྱི་འབྲེལ་ཡོད་ཡིག་རིགས་དང་། པར་རིས། བརྙན་ལམ་བཅས་མངོན་པ་དང་། འཆར་ཤེལ་ཐོག་གི་གསོན་ཉམས་ལྡན་པའི་ཡཱ་ཙེ་ཆུང་ཆུང་དང་དེ་ཕོ་ཆུང་ཆུང་ལས་སྒམ་ནན་གྱི་སློབ་ཚན་དེ་སྐད་ཅིག་ཉིད་དུ་འཁྲུག་ཆ་དོད་དུ་ཕྱིན། “རིག་ལྡན”སློབ་ཁྲིད་བརྒྱུད་ཕྲུ་གུ་ཚོའི་མཐོང་རྒྱ་དང་། སློབ་སྦྱོང་དང་བསམ་གཞིག་གི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ནས། འབྱུང་འགྱུར་དེ་བས་རྒྱ་ཆེ་བའི་མི་ཚེའི་ལམ་བུའི་ཐོག་བསྐྱོད་རྒྱུ་རེད”ཅེས་གཞིས་རྩེ་ཆི་ལུའུ་སློབ་ཆུང་གི་སློབ་སྤྱི་ལྷག་ཆུང་གིས་བརྗོད།
གཞིས་རྩེ་ཆི་ལུའུ་སློབ་ཆུང་གི་སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ནི་རང་ལྗོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་སུ་སློབ་གསོ་ཆ་འཕྲིན་ཅན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྤེལ་སྣོན་རྣམ་པའི་གཞི་གཅིག་འཕྲུལ་ཆས་དང་། རྒྱང་ཁྲིད་སློབ་ཁྲིད་མ་ལག དྲ་ཐོག་སློབ་གསོའི་ལས་སྟེགས་སོགས“དྲ་སྦྲེལ+སློབ་གསོ”བཀོལ་སྤྱོད་ཐུབ་པས། སློབ་སྦྱོང་གི་ཕན་འབྲས་ཆེ་རུ་ཕྱིན་ཡོད་ལ། སྤྲོ་སྣང་ལྡན་པའི་ཁོར་ཡུག་ཁྲོད་ཕྲུ་གུ་ཚོ་ཤེས་བྱ་སྦྱོང་རྒྱུ་བྱུང་ཞིང་། བསྡོམས་རྩིས་ལ་གཞིགས་ན། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་བརྒྱུད་ལམ་སྣེ་མང་སློབ་ཁང་9484བསྐྲུན་ནས་ཁྱབ་ཚད་73%ཟིན་པ་དང་། རྩིས་རྒྱག་འཕྲུལ་འཁོར་སློབ་ཁང་789བསྐྲུན་ནས་ཁྱབ་ཚད་84%ཟིན་པ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་རྩིས་རྒྱག་འཕྲུལ་འཁོར་ཡོད་ཚད་100%ཟིན་པ་དང་སློབ་མ་བརྒྱ་རེར་སྤྱོད་རྒྱུ་ཡོད་པའི་ཆ་འཕྲིན་ཅན་གྱི་དུད་སྣེའི་རྩིས་རྒྱག་འཕྲུལ་འཁོར་གྲངས་འབོར་8.22ཟིན་ནས་རྒྱལ་ཡོངས་སུ་ཆུ་ཚད་འབྲིང་རིམ་དུ་སླེབས་ཡོད། དྲ་རྒྱའི་འགག་སྒྲོལ་ཐད་ལྗོངས་ཡོངས་ཀྱི་སློབ་གྲྭ་22%ལ་དྲ་རྒྱ་དྲ་འབྲེལ་ཐུབ་པའི་ནང་ཕྱིར་གཏོང་ཚད་100Mདང་དེ་ཡན་ཟིན་པའི་སློབ་གྲྭས་73.36 %བཟུང་བ་དང་། ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད། སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་ཏུ་རང་ལྗོངས་སུ“དྲ་སྦྲེལ་+སློབ་གསོ”སློབ་གྲྭ་འབྲིང་ཆུང་ཚང་མར་ཁྱབ་རྒྱུ་རེད།
བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་བརྟེན་ནས་བླ་སྲོག་བསྐྲུན་པ་དང་མི་སྣ་བསྐྱངས་པ།
སློབ་གསོ་རྩ་བར་འཛིན་པ་དང་། ཀུན་སྤྱོད་སློབ་གསོ་སྔོན་ལ་སྤེལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཆེད་དུ་བཞིའི”ཞབས་ཞུ་མཐའ་འཁྱོངས་དང“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་འདི་ཐག་གཅོད་ཧུར་ཐག་བྱས་ཏེ། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱས་ཡོད།
ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“བསམ་བློ་ཆབ་སྲིད་ཆེ་མོའི”ལས་ཀའི་མ་ལག་སྐྲུན་པ་དང་དགེ་རྒན་ཚང་མ་ནི་ཀུན་སྤྱོད་དགེ་རྒན་དང་སློབ་ཚན་ཚང་མ་ཀུན་སྤྱོད་སློབ་ཚན་དུ་དངོས་འབྲེལ་འགྱུར་བ་བྱས་ཡོད།
ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཚད་ལོན་པ་བྱ་རྒྱུ་དེ་མི་སྐྱོང་གི་ཚད་གཞི་གཙོ་བོར་བརྩིས་ནས“བླ་སྲོག་གཏོད་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་གསོའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱེད་པ། ཕུགས་བསམ་དང་དད་སེམས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་ནས་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་བཅས་མངོན་གསལ་དོད་པོར་བཞག་ནས་སློབ་མ་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་རོགས་རམ་བྱས་ཡོད། “རྒན་པས་གཞོན་པ་ཁྲིད་པའི”བྱེད་སྒོ་སྤེལ་ཏེ་ནང་མིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཀྱི་ཤུགས་རྐྱེན་སེལ་རྒྱུར་ཁྲིད་སྟོན་དང་ཤུགས་རྐྱེན་ཐེབས་པ་བྱས་ཡོད།
གཞི་རྟེན་རྣམ་པའི་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “རང་ཉིད་ཁྱོན་ཡོངས་དང་མཉམ་འདྲེས་བྱེད་པ་དང་། ལང་ཚོ་མེས་རྒྱལ་ལ་སྐྱེས་སུ་འབུལ་བ། ལང་ཚོར་བརྟེན་ནས་མེས་རྒྱལ་ལ་དམ་བཅའ་འཇོག་པ”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གྲྭ་དང་། འཛིན་གྲྭ། ཉལ་ཁང་། དཔེ་བཟང་མི་སྒེར་བཅས་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་མི་རིགས་ཁག་གི་སློབ་མ་ཉལ་ཁང་གཅིག་ནང་མཉམ་དུ་སྡོད་པ་དང་མཉམ་དུ་སློབ་ཚན་འཚོག་རྒྱུར་སྐུལ་འདེད་བཏང་བས། རྒྱ་ཆེའི་དགེ་སློབ་ཚོའི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རྒྱ་ཆེའི་དགེ་སློབ་ཚོའི་བློ་བརྟན་འགྱུར་མེད་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ཡོད།
སློབ་གསོ་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་ཡིན་ཞིང་། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་འགོ་ཁྲིད་སློབ་གསོ་ལས་དོན་གྱི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བསླབ་གཞི་དང་། སློབ་ཚན། བསམ་བློ། དྲ་རྒྱ་བཅས་སུ་ཁྱབ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་རེད།
འདི་ནི་རྣམ་གླིང་རྫོང་ཆ་ཚང་སློབ་ཆུང་གི་སློབ་མར་རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཚན་འཁྲིད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།